http://zw.xzqnb.cn/Content/weixinlogo.png
ས་འཛིན་ཧྲིལ་པོར་གོས་དཀར་བཀླུབས། །དབྱིག་འཛིན་དགའ་མ་གཅེར་བུར་ལུ
http://zw.xzqnb.cn/m/content/2025-11/07/001478.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ང་རང་ཆེས་དགའ་བའི་ཕ་ཡུལ།

༄༅། །ང་རང་དགེ་རྒན་ཡིན་པས་བདེ་སྐྱིད་ཆེ།

༄༅། །དཔྱིད།

༄༅། །ཚིགས་བཅད་འཆར་སྣང་ལད་མོ། །

等待处理…

༄༅། །དཔྱིད།

作者 རང་ཚུགས།
2025年11月07日

ས་འཛིན་ཧྲིལ་པོར་གོས་དཀར་བཀླུབས། །

དབྱིག་འཛིན་དགའ་མ་གཅེར་བུར་ལུས། །

དལ་འགྲོས་ཆུ་ཤེལ་ཁང་བཟང་བསྐྲུན། །

གྲང་ངད་ཆེ་བའི་དགུན་ཟླ་ཡོལ། །

ཁ་བའི་ན་བཟའ་ཕུད་ཅིང་གནས། །

ས་གཞིར་ཚ་དྲོད་འཕེལ་བའི་དུས། །

རྒྱུགས་ཆུ་ལྷུང་ལྷུང་དལ་གྱིས་བཞུར། །

གཞན་གསོས་བུ་མོས་དཔྱིད་དཔལ་བསུས། །

སྐྱེ་སྟོབས་དཔལ་གྱིས་ཕྱུག་པའི་དུས། །

ས་བོན་འདེབས་ལས་བྱེད་པར་བྲེལ། །

ངལ་གསོའི་དུས་ཁོམ་དཀོན་པ་འདི། །

དཔྱིད་ཀྱི་ཐུན་མིན་རང་གཤིས་ཨེ། །

རྟག་ཏུ་ལས་འགོ་རྩོམ་གནས་འདིའི། །

དཔེ་ཟླར་དཔྱིད་དཔལ་གྱུར་དོན་ནི། །

ཞིང་པས་གཙོས་པའི་ངལ་རྩོལ་པས། །

ཐམས་ཅད་དོན་དུ་བརྩོན་པས་སོ། །

གངས་མ་ཆར་གྱི་དྲག་རྒོལ་འོག །

སྙིང་སྟོབས་མི་ཉམས་ལས་སུ་གཞོལ། །

གང་སར་འུར་སྒྲས་ཁྱབ་པའི་དཔྱིད། །

ཕ་ཡུལ་ཉིད་ལ་སྦྱར་ནས་བཤད། །

མལ་ལས་ལངས་ཤིང་ཁྱིམ་ལས་ལས། །

ཇ་འཐུང་སྤགས་བཟས་བྱས་པ་ན། །

སྲོག་ལ་ཉེས་སྐྱོན་མེད་པ་ཡིས། །

རྟག་ཏུ་རྩམ་པ་ཁོ་ནར་བརྟེན། །

དེ་ལྟར་རྒྱུན་དུ་བརྟེན་པ་ན། །

འདང་ངེས་འཚོ་བཅུད་མེད་ན་ཡང་། །

མ་འོངས་ཆེད་དུ་དམིགས་པ་ནི། །

ཕ་མས་གཙོས་པའི་ཡུལ་མིའི་བློ། །

དཔྱིད་དུས་ས་བོན་འདེབས་པ་དང་། །

སྟོན་དུས་འབྲས་བུ་སྨིན་པ་གཉིས། །

རྒྱུ་འབྲས་བསླུ་བ་མེད་པའི་ཆོས། །

བདེན་དཔང་བྱེད་པའི་གནས་ལུགས་རེད། །

དཔྱིད་ནི་སྔོ་ལྗང་བསྐྲུན་པའི་སྐབས། །

གསར་སྐྱེས་ནུས་པ་མངའ་བའི་དུས། །

འབད་བརྩོན་གྲོགས་སུ་བླངས་ཙ་ན། །

བྲག་རི་འབིགས་པར་ཐེ་ཚོམ་མེད། །

གཞོན་པའི་ཤེད་དང་རྒན་པོའི་ཇུས། །

མཉམ་ལས་བྱས་ཤིང་ལས་ལ་ཞུགས། །

དུས་ཁོམ་མེད་ཅིང་བྲེལ་ཟིང་ཆེ། །

དཔྱིད་ཀྱི་ཕ་ཡུལ་རྣམ་པ་དག །

སེམས་ཀྱི་འཆར་ཡན་ནང་དུ་འཁོར། །

སྐད་ཆའི་སྒྱུ་རྩལ་ལམ་ནས་འཚོ། །

ངག་གི་ཕོ་ཉ་ཡི་གེར་ཕབ། །

འདི་དག་ཕ་ཡུལ་ཉིད་ཀྱི་དཔྱིད། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博