西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ང་རང་ཆེས་དགའ་བའི་ཕ་ཡུལ། ༄༅། །ང་རང་དགེ་རྒན་ཡིན་པས་བདེ་སྐྱིད་ཆེ། ༄༅། །དཔྱིད།   ༄༅། །ཚིགས་བཅད་འཆར་སྣང་ལད་མོ། །

放大 缩小 默认

༄༅། །ང་རང་དགེ་རྒན་ཡིན་པས་བདེ་སྐྱིད་ཆེ།

□ 作者 སྤེན་ཚེ་གཞོན་པ།

ཀ་ཁའི་དབྱངས་རྟ་ཐོག་མ་གླུ་རུ་ལེན་ཞིང་། དབྱངས་གསལ་སོ་བཞིའི་མཛེས་སྡུག་གི་འཇའ་རིས་བདག་གི་འདྲེན་བྱེད་ཀྱི་མཐོང་ཆོས་སུ་གྱུར་པ་ནས། ཆེ་འབྲིང་ཆུང་གསུམ་གྱི་གཙུག་ལག་རིག་པའི་ལྡིང་ཁང་གི་སྒོ་ཐེམ་རིམ་བཞིན་བརྒྱུད་པས། དྲིན་ཆེན་བཤེས་གཉེན་དུ་མས་བྱམས་བརྩེའི་སྤྱན་གྱིས་ཡང་ཡང་འཚོས་ཤིང་། ཁོང་ཅག་གིས་བུམ་པ་གང་བྱོའི་ཚུལ་གྱིས་ཤེས་རིག་བདུད་རྩིའི་རོ་བཅུད་ཕངས་མེད་དུ་བྱིན་པའི་མཐུ་ནུས་ལས། ད་གཟོད་བརྗོད་ན་ངག་བདེ་ལ། མཉན་ན་རྣར་སྙན་པའི་དགེ་རྒན་ཞེས་པའི་ཆོ་ལོ་ཞིག་གིས་བརྒྱན་ཏེ། བྱ་མང་དབུས་སུ་སྒྲོ་མ་ཉམས་པ་དང་། མི་མང་དབུས་སུ་མགོ་སྒུར་མི་དགོས་པར་དགེ་རྒན་གྱི་ལས་གནས་འདིའི་ཐོག་ཏུ་འགྲེང་ཐུབ་པ་བྱུང་།

ང་རང་དགེ་རྒན་ཞིག་ཡིན་པས་བདེ་སྐྱིད་ཆེ། རྒྱུ་མཚན་ནི་ངའི་གཡས་གཡོན་གང་ས་ནས་ཁྲ་རིལ་རིལ་གྱིས་མིག་ཟུང་མང་པོས་ཅི་ཞིག་འཐོབ་འདོད་ཀྱིས་ང་ལ་ཕྱོགས་པས། ངས་གདགས་སྲིབ་ཀུན་ལ་བྱམས་པའི་མིག་གིས་ཡང་ཡང་འཚོས་ནས་ཤེས་རིག་གི་བདུད་རྩི་བླུད་དེ། ཁོང་ཚོའི་འཚར་ལོངས་ཀྱི་བརྒྱུད་རིམ་ལ་སེམས་ཞིབ་མོས་དོ་ཁུར་བྱས་པས་ཡིན།

ང་རང་དགེ་རྒན་ཞིག་ཡིན་པས་བདེ་སྐྱིད་ཆེ། བྱིས་པ་ཚོའི་བསྟན་བཤིག་ཚ་བའི་ཡ་མཚན་གྱི་བྱེད་སྟངས་རེ་རེས་སྐབས་རེར་ངའི་སེམས་ཁོང་དུ་དགོད་ཁ་སློང་བར་བྱེད་པས། ངའི་སློབ་ཁྲིད་ཀྱི་འཚོ་བར་མཛེས་སྡུག་གི་ཁ་དོག་གསར་དུ་སྣོན་ལ། པྲ་ཚགས་ཆེ་བའི་བྱིས་པ་ཚོའི་རང་གཤིས་ཀྱིས་ང་རང་སླར་ཡང་བྱིས་དུས་ཀྱི་འཚོ་བའི་ཀློང་དུ་ཁྲིད་ཅིང་། དེ་བས་ང་ལ་དཀྱེལ་ཡངས་དང་བཟོད་སྒོམ་གྱི་གདམས་ངག་ཡང་ཡང་བསྩལ་བས་ཡིན།

ང་རང་དགེ་རྒན་ཞིག་ཡིན་པས་བདེ་སྐྱིད་ཆེ། རྒྱུ་མཚན་ནི་སློབ་གྲྭ་ནི་ཆེས་དྭངས་གཙང་གི་ཁོར་ཡུག་ཅིག་ཡིན་པས། ངས་སློབ་ཁང་གྲུ་བཞིའི་ནང་དུ་ཚུལ་འཆོས་དང་རྫུ་བག་གི་གདོང་འབག་གྱོན་དགོས་མེད། གཡོ་སྒྱུ་དང་སྤྲེལ་ལད་འཁྲབ་དགོས་མེད། ཅི་ཞིག་ཐོབ་འདོད་ཀྱི་འགྲམ་ཆུ་ལྡང་དགོས་མེད། འདོད་རྔམ་གྱི་མཆེ་སྡེར་བགྲད་དགོས་མེད་པར། ཆེས་དྭངས་གཙང་གི་ཁོར་ཡུག་ཏུ། ར་རིའི་དྲི་ཡིས་མ་སྦགས་པའི་ལྷད་མེད་ཀྱི་རྣམ་ཤེས་ཁྱུ་གཅིག་འབད་པས་སྙོར་བཞིན་པས་ཡིན།

ང་རང་དགེ་རྒན་ཞིག་ཡིན་པས་བདེ་སྐྱིད་ཆེ། རྒྱུ་མཚན་ནི་དྭངས་ཁྲུམ་ཁྲུམ་གྱི་མིག་ཟུང་ཐོགས་པའི་སློབ་མ་རྣམས་ནི་ངའི་ཉིན་དཀར་གྱི་འཚོ་བའི་བརྗོད་བྱ་ཡིན་ལ། མཚན་གུང་རྨི་ལམ་གྱི་མགྲོན་པོ་ཡང་ཡིན་པས་སོ།

ང་རང་དགེ་རྒན་ཞིག་ཡིན་པས་བདེ་སྐྱིད་ཆེ། རྒྱུ་མཚན་ནི་ངས་སྙིང་ལ་སྡུག་པའི་དབྱངས་གསལ་སོ་བཞིའི་མཛེས་རིས་སློབ་མའི་མིག་ལ་བཤམས་པས་ཡིན་ལ། རྣ་ལ་སྙན་པའི་ཀ་ཁའི་དབྱངས་རྟ་གླུ་རུ་ལེན་དུ་བཅུག་པས་ཡིན། ད་དུང་མེས་པོ་བཀའ་དྲིན་ཅན་ཚོའི་ངལ་བའི་རྔུལ་ཆུས་གྲུབ་པའི་གསེར་རིའི་ཕྲེང་བར་འགྲན་པའི་གླེགས་བམ་དེ་དག་ལ་རྡུལ་སྤྲུགས་ཡང་ཡང་བགྱིས་ནས་ཞལ་ཁ་ཕྱེ་རུ་བཅུག་སྟེ། ཤེས་རིག་གི་དངོས་གྲུབ་ཞུ་རུ་བཅུག་པས་ཡིན།

ང་རང་དགེ་རྒན་ཞིག་ཡིན་པས་བདེ་སྐྱིད་ཆེ། རྒྱུ་མཚན་ནི་ངས་སེམས་དང་བསམ་པས་བསྐྱངས་པའི་སློབ་བུ་མང་དག་ཅིག སྤྱི་ཚོགས་ཀྱི་ལས་གནས་ཁག་ཏུ་ཞུགས་ནས་གཞན་ཕན་གྱི་བགྱི་བ་འབད་པས་སྒྲུབ་བཞིན་པས་ཡིན་ལ། ཁོ་ཅག་གི་ལུས་ཐོག་ནས་ངས་བྱམས་དང་སྙིང་རྗེའི་གྲིབ་གཟུགས་མཐོང་བས་ཡིན། གཞན་ཕན་ལྷག་བསམ་གྱི་སེམས་རྒྱུད་ཚོར་བས་ཡིན། རྒན་བཀུར་གཞོན་གཅེས་ཀྱི་སྲོལ་བཟང་མཐོང་བས་ཡིན། ཡ་རབས་ཀྱི་བརྟུལ་ཞུགས་འཛིན་ནས་དྲིན་ལ་དྲིན་གཟོ་ཡི་རྣམ་ཐར་སྐྱོང་བཞིན་ཡོད་པས་ཡིན། །

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明