དུས་རབས་ཀྱི་གོམ་འགྲོས་ཇེ་མགྱོགས་སུ་འགྲོ་ཞིང་ཚན་རིག་ལག་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་དུས་འདིར། ང་ཚོའི་ཁོག་པའི་ནང་ལྗིད་ཏིག་ཏིག་གི་ཤེས་བྱའི་བྱང་ཚད་ངེས་ཅན་ཞིག་མེད་ན་མི་རུང་། ང་ཚོར་གཙང་མཁས་གཞན་ལ་ཕན་འདོད་ཀྱི་བློ་མངའ་བའི་དགེ་རྒན་ཞིག་ཅིས་ནས་ཀྱང་མཁོའོ། །
བདག་ལ་མཚོན་ནའང་དགེ་རྒན་ཞེས་པ་ནི་རིན་ཐང་ཆེ་བའི་ལས་རིགས་ཤིག་ཏུ་མཐོང་གིན་ཡོད་ལ། དེ་བས་ཀྱང་བདག་གི་བོད་ཡིག་རྒན་ལགས་ལྟ་བུ་ནི་དེ་བས་ཀྱང་ཡིད་སྨོན་ཤོར་བ་ཞིག་ཏུ་མཐོང་གིན་ཡོད། རྒྱུ་མཚན་ནི་དགེ་རྒན་ཞེས་པའི་ལས་རིགས་འདི་ཤིན་ཏུ་ངོ་མཚར་ཞིག་ཡིན་ལ་དེ་བས་ཀྱང་སློབ་ཁྲིད་སྐབས་ཀྱི་དགེ་རྒན་གྱི་རྒྱབ་གཟུགས་ནི་བདག་གི་རྒྱབ་རི་སྨུག་པ་ཞིག་ཡིན་པས། དེ་དུས་བདག་ནི་ཆེས་བདེ་སྐྱིད་ལྡན་ལ་ཆེས་སྤོབས་པ་མཐོ་བའི་བྱིས་པ་ཆུང་ཆུང་དྭངས་མ་ཞིག་ཡིན། ཕྱིས་སྤྱི་ཚོགས་ཞེས་པའི་འདུ་ཚོགས་ཆེ་བའི་ས་འདིར་སླེབས་དུས་བཏང་བཏང་འཇོན་འཇོན་གྱི་མི་བུ་མང་དག་འཕྲད་སྲིད་ཀྱང་ངའི་རྒན་ལགས་ལྟ་བུའི་ལྷག་བསམ་ལྡན་པའི་མི་ཞིག་དང་མཇལ་རྒྱུ་དཀའ་མོ་ཡིན།
དེས་ན་དུས་གང་དང་གནས་གང་དུ་སླེབས་རུང་ངས་རང་ཉིད་ཀྱི་བོད་ཡིག་རྒན་ལགས་ལྟ་བུའི་གཞན་ཕན་གྱི་ཆེད་དུ་ལྷག་བསམ་ཟོལ་མེད་ཀྱི་སྙིང་སྟོབས་དེར་སློབ་སྦྱོང་བྱས་ནས་མ་འོངས་མདུན་ལམ་དོན་དུ་འབད་པས་བརྩོན་ནོ། །