ཟླུམ་གཟུགས་ཀྱི་གོ་ལ་ཧྲིལ་པོ་སྐྱོ་གླུའི་གདུང་སྒྲས་ཁེངས། རྩྭ་རྩི་ཤིང་རྣམས་ནི་མ་གྲོས་གཅིག་མཐུན་གྱིས་སྨྲེ་ངག་འདོན་བཞིན་མཆིས། གཟིགས་དང་། མགོ་ནག་གི་སྐྱེ་བོ་ལགས། ཁྱེད་ཉིད་ཀྱིས་སྤྱན་ཟུང་བགྲད་དེ་མཐའ་འཁོར་གྱི་ཁོར་ཡུག་ལ་འཁྱུག་ཙམ་གཟིགས་དང་། ཁྱེད་ཀྱི་སྙིང་ཁར་རྣོ་ངར་ཅན་གྱི་རལ་གྲི་ཞིག་བསྣུན་སྲིད། རྩྭ་རྐང་གཅིག་དང་ཆུ་ཐིགས་གཅིག་གི་ང་ཚོ་མིའི་རིགས་ཀྱི་འཚོ་གནས་ཆེས་མེད་ན་མེད་ཐབས་ཀྱི་དགོས་མཁོ་ཆེ་ལ། སྐྱེ་དངོས་ཀྱི་ཚོགས་འདུས་པ་ལས་ཡིད་དབང་འཕྲོག་པའི་རང་བྱུང་ཁམས་ཀྱི་མཛེས་སྡུག་གི་ཁོར་ཡུག་འདི་དང་ངོ་མཚར་ཤིན་ཏུ་ཆེ་བའི་ལྡུམ་ར་འདི་བྱུང་། ཆུ་ཐིགས་བསགས་པའི་གོང་བུ་ལས་མུ་མཐའ་མེད་པའི་རྒྱ་མཚོ་བྱུང་མོད། རྩྭ་རྐང་གཅིག་དང་ཆུ་ཐིགས་གཅིག་ལའང་གནོད་སྐྱོན་མེད་པར་གཅེས་འཛིན་དང་། སྲུང་སྐྱོབ་བྱ་རྒྱུ་ནི་མིའི་རིགས་ཀྱི་ཆེས་གལ་འགངས་ཆེ་བའི་ཕྲག་དོག་ཏུ་བབས་པའི་ལས་འགན་ལྗིད་པོ་ཞིག་རེད་ཨང་།
མིའི་རིགས་ཀྱིས་ངེས་པར་དུ་སྒེར་སེམས་དང་བྱ་ངན་སོགས་རིང་དུ་སྤངས་ཏེ་རང་བྱུང་ཁམས་ཀྱི་སྲུང་སྐྱོབ་བྱ་གཞག་ལས་ལ་གཞོལ་རྒྱུ་ནི་མ་འོངས་མཛེས་སྡུག་ལྡན་པའི་ཡུལ་གྲུ་གསར་པ་ཞིག་དང་། མཛེས་སྡུག་ཡིད་དབང་འཕྲོག་པའི་དྭངས་གཙང་ཁོར་ཡུག་ཞིག་བསྐྲུན་རྒྱུ་ནི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཀྱང་ཡིན།
འོན་ཀྱང་མི་རྣམས་ནི་ཁྲེལ་མེད་ཀྱི་ལས་ལ་ཞུགས་ཤིང་མིག་མདུན་གྱི་ཁེ་ཕན་ཆེད་དུ་རང་བྱུང་ཁམས་ཀྱི་ཆོས་ཉིད་རྡོག་རོལ་དུ་བཏང་བས། གཅེར་བུར་ལུས་པའི་ལྗོན་ཤིང་དག་གི་མགོ་བོ་སྒུར་ཏེ་སེམས་སྡུག་བྱེད་པ་དང་འདྲ། ལྷུང་ལྷུང་བབས་པའི་ཆུ་རྒྱུན་དག་ཇེ་ཉུང་དུ་འགྲོ་བཞིན་བཞུར་རྒྱུན་སྐམ་ལ་ཉེ། གང་ཟག་གི་སྐྱེ་བོ་ཚོ། ཁྱེད་ཚོས་བསམ་བློ་ཞིབ་ཕྲ་ཞིག་ཐོངས་དང་རང་ཉིད་འཚོ་གནས་བྱེད་སའི་རང་བྱུང་ཁམས་འདིར་ཁྱེད་ཀྱི་བདེ་སྡུག་མཉམ་མྱོང་གི་ཤུལ་ལམ་རིང་པོ་ཡོད་ལ། ཁྱེད་ཀྱིས་རང་བྱུང་ཁམས་ལ་གཏོར་བཤིག་གི་བྱ་ངན་མཐོང་རྒྱུ་ཡང་ཡོད། མདོར་ན་རང་གིས་རང་བྱུང་ཁམས་ལ་རང་གི་ཚེ་སྲོག་ལྟར་གྱི་བདག་སྐྱོང་གི་འབྲས་བུ་ཡང་མཐོང་རྒྱུ་ཡོད་པས། ད་ནས་བཟུང་རང་བྱུང་ཁམས་རང་གི་ཁྱིམ་གཞིས་ལ་བརྟེན་ནས་རང་ཉིད་འཚོ་གནས་བྱེད་སའི་ཁོར་ཡུག་འདིར་དུས་ནམ་ཡང་སྲུང་སྐྱོབ་བྱེད་རྒྱུ་མི་བརྗེད་པ་བྱེད་དགོས། །
 



 
         
         
        