ཉེ་ཆར་མཚོ་སྣ་གྲོང་ཁྱེར་མང་ཚོགས་ཚོགས་པའི་ལས་དོན་པུས་ཇུས་འགོད་དང་སྒྲིག་འཛུགས་བྱས་པའི་“མཐའ་མཚམས་ལ་སྐོར་ཞིབ་དང་མཐའ་མཚམས་སྲུང་བའི་ཐོག་མའི་བསམ་འདུན། དྭངས་གཙང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་པ།”ཞེས་པའི་བྱེད་སྒོ་སྤེལ་བ་རེད།
རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4600ཡོད་པའི་མཐའ་མཚམས་སོ་ལྟ་ཁང་དུ་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཚོས་ལོ་མང་བརྟན་སྲུང་བྱེད་མཁན་དམག་མི་དང་ཐག་ཉེ་བའི་འབྲེལ་གཏུག་བྱས་པ་རེད། ཆ་རྐྱེན་ངན་པའི་ཁོར་ཡུག་ཁྲོད་འཐབ་འཛིང་པ་ཚོས་བློ་དཀར་དང་དད་མོས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོབ་དང་། བློ་བརྟན་འགྱུར་མེད་ཀྱི་མཐའ་སྲུང་འགན་འཁྲིས་དེ་གར་ཡོད་པའི་དང་བླངས་པ་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།
ཤའོ་གྲོང་རྡལ་གྱི་གྲོང་ཚོའི་ལོ་རྒྱུས་ཁང་དུ་བསྐྱོད་སྐབས་དང་བླངས་པ་རྣམས་མཐའ་མཚམས་ཀྱི་ལོ་རྒྱུས་འཕོ་འགྱུར་མངོན་པའི་པར་རིས་དང་ཡི་གེའི་མདུན་དུ་ལངས་ནས། དེ་སྔའི་རྗེས་ལུས་ཀྱི་མཐའ་མཚམས་ནས་ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་རོགས་སྐྱོར་དང་མི་དམངས་ཀྱིས་འབད་འཐབ་ལྷོད་མེད་འོག་ད་ལྟའི་རྣམ་པ་གསར་པར་འགྱུར་ཡོད། དངོས་པོ་རྙིང་པ་དག་ལས་མེས་པོ་ཚོའི་འབད་འཐབ་ཀྱི་ལོ་རྒྱུས་མངོན་པ་དང་མཐའ་མཚམས་མི་དམངས་ཀྱིས་ལག་པ་གཉིས་ཀྱི་འབད་འཐབ་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་སྤྲོ་སེམས་དེས་དང་བླངས་པ་ཚོས་ས་དེར་འདུས་པའི་ཚད་མེད་ཀྱི་རེ་བ་མཐོང་བ་རེད།
ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མའི་ལས་གཏོད་རྣམ་གྲངས་རྟེན་གཞིའི་ལན་ཐན་གྱོན་ཆས་བཟོ་གྲྭ་དང་པད་མའི་དྲི་ཞིམ་སྤོས་ཀྱི་མཉམ་ལས་ཁང་གིས་ཡུལ་མིའི་ཡོང་འབབ་འཕར་ནས་ཕྱུག་པོར་འགྱུར་རྒྱུར་སྐུལ་ཁྲིད་བྱས་ཡོད། སྐར་མ་ཚེ་རིང་སོགས་ཀྱིས་བཙུགས་པའི་མཚོ་སྣ་ཏུང་ཀྲང་ཡུན་ལན་བརྡ་ཁྱབ་སྨྱན་སྦྱོར་ཀུང་སིས་ས་གནས་དེ་གའི་པར་འདེབས་ཞབས་ཞུའི་སྟོང་ཆ་ཁ་གསབ་བྱས་ཡོད།
གད་སྙིགས་གཙང་བཤེར་བྱེད་སྒོའི་ཁྲོད་དང་བླངས་པ་ཚོས་ངལ་དུབ་དང་བཙོག་པར་མི་སྐྲག་པར་བེད་མེད་དངོས་པོ་གཙང་བཤེར་བྱེད་ཀྱི་ཡོད། དྭངས་གཙང་གི་ས་ཆ་ལ་བལྟས་ན་ཐང་མི་ཆད་པས་ཁོང་ཚོས་མཐའ་མཚམས་སྲུང་སྐྱོབ་བྱེད་པར་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོབ་བྱེད་དགོས་ལ་ས་ཆ་དེ་གའི་དྭངས་གཙང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱང་བྱེད་དགོས་པ་ཤེས་ཡོད།
བསོད་བསྟན་གྱིས་བསྒྱུར།
 



 
         
         
        