ཡངས་པའི་གསེར་ལྡན་ལྗོངས་འདི་ན་རྒྱུ་དང་རྒྱ་ཁྱོན་གྱི་ཚད་དང་ཡོན་ཏན་འཇལ་མི་ནུས་པའི་གཞལ་ཡས་ཁང་བཟང་ཞིག་ཡོད་པ་ནི་ང་ཡི་མ་ཡུམ་སློབ་གྲྭ་ཡིན། མ་ཡུམ་སློབ་གྲྭ་དེར་གཞུང་དྲང་ལྷག་བསམ་ལྡན་ཞིང་ཡོན་ཏན་གྱི་གཟི་འོད་འཕྲོ་བའི་བཤེས་གཉེན་དམ་པ་ག་ཚོད་བྱུང་ཡོད་པ་བློ་ཆུང་ང་ཡིས་རྩིས་བརྒྱབ་ནས་བརྒྱབ་མི་ཚར། བཤེས་གཉེན་ཚོས་དགྲ་བོ་བཏུལ་བའི་དཔའ་མཛངས་ཀྱིས་སློབ་བུའི་གཏི་མུག་བཏུལ་ཏེ་བློ་གྲོས་ལྡན་པའི་ན་ཆུང་གསོ་སྐྱོང་བྱས་པའི་གྲངས་ཚད་ང་ཡིས་ཤེས་ག་ལ་ཐུབ།
ང་ཡི་མ་ཡུམ་སློབ་གྲྭ་ནི་འཛམ་གླིང་ཡང་རྩེར་གནས་ལ་ལྗོངས་རྒྱུ་བའི་སེམས་ཀྱི་ཕྱོགས་ས་དེ་རུ་ཆགས་ཡོད། མ་ཡུམ་སློབ་གྲྭ་འདིའང་བདེན་དོན་འཚོལ་མཁན་གྱི་སློབ་བུའི་དགོད་སྒྲ་དང་ཤེས་རིག་གི་དྲི་བསུང་འཐུལ་བའི་མེ་ཏོག་ལྡུམ་ར་ཞིག་ཡིན། ང་རང་མ་ཡུམ་སློབ་གྲྭ་འདིར་ཡོང་ནས་ལོ་གཅིག་ལྷག་ཙམ་ཕྱིན་སོང་། མ་གཞི་དུས་ཡུན་རིང་པོ་མ་སོང་ཡང་ང་རང་མ་ཡུམ་སློབ་གྲྭ་འདི་ལ་སེམས་གཏིང་ནས་དགའ་སྨོན་སྐྱེས། གང་ཡིན་ཞེ་ན། ང་ལ་ཤེས་བྱའི་ནོར་བུ་སྟེར་ནས་གཡུར་ཟའི་འབྲས་བུ་ཐོབ་བྱུང་ལ་སེམས་ཁམས་གཙང་གསལ་བྱས་ནས་ང་རང་ཡང་དག་པའི་སྒོ་ནས་འཚར་ལོངས་བྱུང་། ང་ཚོར་དུས་རྒྱུན་གྱི་སློབ་སྦྱོང་ཁྲོད་དུ་དཀའ་ངལ་མང་པོ་འཕྲད་ཀྱི་འདུག དཔེར་ན། དུས་ཐོག་ཏུ་སྦྱོང་ཚན་འབྲི་མི་ཐུབ་པ་དང་བློ་སྐྱོར་མི་ཐུབ་པ། ཡིག་ཚད་སྦྱངས་འབྲས་ཡག་པོ་མི་ཐོབ་པ་བཅས་ཀྱི་སྡུག་བསྔལ་དང་གནོན་ཤུགས་ཆེན་པོ་ཡོད་པ་དེ་སངས་ཆེད་ཉིན་ཞིག་གི་ཞོགས་པར་ང་དང་ཉལ་ཁང་གི་སྡོད་རོགས་ཚོ་མཉམ་དུ་ཉི་ཤར་བལྟ་རུ་ཕྱིན། ང་ཚོས་ཆུ་ཚོད་ལྔ་པ་ནས་ལངས་ཏེ་བདེན་འཚོལ་ཐོག་ཁང་གི་བཞི་ཐོག་འཛེགས་ནས་བལྟ་བར་ཕྱིན། མུན་པ་ཧ་ཅང་ནག་པས་ང་ཚོ་སྐྲག་སྟེ་བཞུ་མར་སྤར་ནས་མི་མང་པོ་གཅིག་ལ་གཅིག་མཐུད་ནས་ཕྱིན། ལམ་གློག་གི་འོག་ཏུ་ཨ་ཅག་གཅིག་དབྱིན་ཇི་སྐྱོར་བཞིན་པ་མཐོང་བས་ང་རང་ཧང་སངས་བ་དང་ཆབས་ཅིག་ཡིད་སྨོན་ཡང་སྐྱེས་བྱུང་། ཡང་འགྲོ་ཞོར་དུ་ཐོག་བརྩེགས་དང་པོར་གཅེན་པོ་གཉིས་བཞུ་མར་གཅིག་སྤར་ནས་དེབ་བལྟ་བཞིན་འདུག་པས། ང་རང་ནི་ཡིད་མི་ཆེས་པའི་བསམ་པ་ཞིག་དང་ངོ་ཚ་བའི་སྣང་བ་ཞིག་ཀྱང་སྐྱེས་བྱུང་། དེ་ནས་ཉི་ཤར་བལྟས་ཏེ་ང་ཚོ་མཉམ་དུ་བྲོ་འཁྲབ་གླུ་ལེན་བྱས་པ་དང་རང་ཉིད་ཀྱི་བསམ་ཚུལ་དང་སྨོན་འདུན་སོགས་སྐད་ཆེན་པོས་བོས་པ་ཡིན། དེ་ཚར་ཏེ་མར་འགྲོ་དུས་ཆུ་ཚོད་བདུན་པ་ཟིན་འདུག་པས་སློབ་གྲྭའི་ཟུར་ཟུར་ཁུག་ཁུག་གང་དུ་ཡིན་རུང་དཔེ་དེབ་ཀློག་པའི་སྒྲ་ཐོས་རྒྱུ་ཡོད་པ་དང་བློ་སྐྱོར་བའི་རྣམ་པ་ཟང་ཟིང་མིག་ལམ་དུ་འཆར། ང་རང་གིས་ཉིན་ལྟར་སོ་སོས་སློབ་སྦྱོང་མང་པོ་བྱེད་ཀྱི་ཡོད་བསམ་ལ་ང་རང་ཉིན་ལྟར་སྔ་པོ་ལངས་ཀྱི་ཡོད་ཀྱང་དཔེ་དེབ་ཀློག་པར་འགྲོ་བ་ཉུང་ཉུང་ཡིན། ཏོག་ཙམ་ཕྱིན་པ་དེ་ཡང་བྱས་རྗེས་ཆེན་པོར་བརྩིས་ནས་ཕ་མར་ལབ་ཀྱི་ཡོད། དཀའ་ངལ་ཅུང་ཟད་འཕྲད་པ་དང་ཕ་མར་སློབ་གྲྭར་སྐྱིད་པོ་མི་འདུག་ཟེར་ཀྱི་ཡོད། འོན་ཀྱང་ཐོ་རེངས་ཆུ་ཚོད་ལྔ་པ་ཙམ་ནས་ཁོང་ཚོས་འབད་པ་དེ་ལྟར་བྱེད་དུས་ང་རང་ནི་དཀའ་ལས་ཁག་སོང་ཟེར་བའི་རྒྱུ་མཚན་ཞིག་ག་ལ་ཡོད།
གཅེས་པའི་མ་ཡུམ་སློབ་གྲྭར་དྭངས་ཤིང་སྔོ་བའི་ཆུ་ཕྲན་མེད་ཀྱང་གཞུང་དྲང་གི་ལྷག་བསམ་ལྡན་པའི་བཤེས་གཉེན་ཡོད། མཐའ་ཡས་མདངས་རྒྱས་རྩྭ་ཐང་མེད་ཀྱང་བློ་གསལ་ཤེས་བྱར་བརྩོན་པའི་སློབ་མ་ཡོད། མ་ཡུམ་སློབ་གྲྭར་ཤེས་བྱའི་རྟ་ཕོ་བཞོན་སའི་རྒྱུགས་ར་ཡོད་ལ་ཤེས་བྱའི་ནོར་བུ་ལེན་སའི་རིན་ཆེན་འབྱུང་གནས་ཡོད། ང་ཡི་མ་ཡུམ་སློབ་གྲྭ་ནི་སུམ་རྩེན་གནས་མཆོག་མི་ཡུལ་དུ་འཁོད་པ་དང་མཉིས་སུ་མ་མཆིས། ང་རང་ནམ་ཡམ་མ་ཡུམ་སློབ་གྲྭར་དགའ། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།