ཁུང་ཐའེ་ཐའེ་ནི་ཕ་ཡུལ་ཧྲན་ཤི་ཤིང་ཕིང་ནས་ཡིན་པ་དང་ད་ལྟ་བོད་རང་སྐྱོང་ལྗོངས་ཉི་ཁྲི་ས་ཁུལ་ནགས་ཚལ་མེ་ཟོན་ཡན་ལག་རུ་ཁག་གི་རུ་དཔོན་གཞོན་པ་ཡིན། ཁུང་ཐེ་ཐེ་ཐོག་མར་མཐོང་བ་ནི“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་ལང་ཚོའི་འགན་འཁྲི་འཁུར་དགོས-ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྒྲོག་འགྲེལ་ཐེངས་བརྒྱ”ཞེས་པའི་བྱེད་སྒོའི་ཐོག་ཡིན་པ་དང་དེ་དུས་ཁོ་ནི་གཟུགས་སྟོབས་ཆེ་ལ་དཔའ་ཉམས་ལྡན་པའི་འོག་ལས་གོས་སྔོན་པོ་ཞིག་གྱོན་ནས་མི་རྣམས་ཀྱི་མིག་ལམ་དུ་མངོན་པ་རེད།
རྒྱ་མཚོའི་ངོས་ཀྱི་མཐོ་ཚད་ཡར་འཕར་ཡང་བློ་དཀར་ལ་འགྱུར་བ་མེད།
2002ལོར་ཁུང་ཐའེ་ཐའེ་སི་ཁྲོན་དུ་བཅའ་སྡོད་དྲག་ཆས་ཉེན་རྟོག་ཧྲི་ཤོག་ག་གེ་མོ་ནས་རང་འགུལ་ངང་དྲག་ཆས་ཉེན་རྟོག་བོད་ལྗོངས་ནགས་ཚལ་སྤྱི་ཁྱབ་རུ་ཁག་ལ་ཡོང་རེ་ཞུས་པ་རེད། ཁོང་གི་ས་ཚིགས་དང་པོ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨི་ལ་རི་བོའི་གསུམ་མདོ་ནགས་སྲིད་ཞིབ་བཤེར་ས་ཚིགས་ཡིན། དེ་སྔའི་དྲག་ཆས་ཉེན་རྟོག་ནགས་ཚལ་དཔུང་སྡེའི་ས་བབ་མཐོ་ཤོས་དང་། ཆ་རྐྱེན་སྐྱོ་ཤོས། ལས་འགན་ལྗིད་ཤོས་ཀྱི་ལས་སྒྲུབ་ས་ཚིགས་ཤིག་ཡིན་པས“ས་མཐོའི་ནགས་སྲིད་ལས་སྒྲུབ་སོ་ལྟ་དང་པོ”ཞེས་བརྗོད་ཀྱི་ཡོད་པ་རེད།
2019ལོའི་ཟླ་6པར་ལས་ཀར་འགྱུར་བ་བྱུང་བའི་དབང་གིས་ཁུང་ཐའེ་ཐའེ་ནག་ཆུ་རུ་ལས་ཀ་བྱེད་པར་བསྐྱོད་པ་རེད། ཁུང་ཐའེ་ཐའེ་གནས་སའི་རུ་ཆེན་གྱི་བཀོད་འདོམས་པ་ཚོས་ལོ་ཉི་ཤུ་ལྷག་ཙམ་ནག་ཆུར་བརྟན་སྲུང་བྱས་ཏེ་གཙོད་སོགས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱ་ཆེད་ལེ་དབར་སྟོང་གི་མི་མེད་ས་ཁུལ་དུ་ཐེངས་གཉིས་བསྐྱོད་པ་དང་། སྔ་ཕྱིར་བློ་མཐུན་གསུམ་གློ་བའི་ཆུ་སྐྲངས་རྐྱེན་གྱིས་བྱང་ཐང་དུ་རང་སྲོག་ཤོར་བ་རེད། ཁུང་ཐའེ་ཐའེ་ཡིས་ཁོ་ཚོ་ད་ལྟ་ངས་མྱངས་པའི་དཀའ་སྡུག་དེ་ཁོ་ཚོ་དང་བསྡུར་ན་ཅི་ཞིག་ལ་བརྩི་ཐུབ། ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་གསོ་རླུང་དང་དབུགས་ཆད་ཆོག་མོད། འོན་ཀྱང་ཉམས་པ་མེད་པའི་སྙིང་སྟོབས་མི་ཉམས་པར་མུ་མཐུད་མདུན་བསྐྱོད་བྱེད་དགོས་ཅེས་བཤད།
འགྱུར་འགྲོ་བ་ནི་ནམ་དུས་ཡིན་ཀྱང་འགྱུར་བ་མེད་པ་ནི་ཐོག་མའི་བསམ་འདུན་ཡིན།
2018ལོའི་ཟླ་9པར་དཔུང་སྡེའི་ལམ་ལུགས་སྒྱུར་བཅོས་བྱས་པ་དང་ཁུང་ཐའེ་ཐའེ་ལུས་ཐོག་གི་ལས་གོས་དེའང་ལྗང་གུ་ནས་སྔོན་པོ་རུ་གྱུར་ཡོད། མ་གཞི་ནང་སར་ལོག་ནས་ནང་མི་དང་མཉམ་འཛོམས་བྱེད་པའི་གོ་སྐབས་བྱུང་ནའང་ཁུང་ཐའེ་ཐའེ་ནི་རྒྱུས་མངའ་ཡོད་པའི་དམག་སྒར་དང་བྱམས་བརྩེའི་འཐབ་གྲོགས་ལ་བལྟས་ནས་མཉམ་དུ་གེགས་སེལ་བྱེད་སྐབས་ཀྱི་རྣམ་པ་དྲན་ཞིང་། བོད་དུ་སྡོད་པའི་ལོ་འདི་དག་ལ་ཕྱིར་དྲན་བྱེད་དུས་ད་ལྟའི་ཡར་ཐོན་ཡོང་བ་ནི་རྩ་འཛུགས་ཀྱི་ཐུགས་ཁུར་དང་གསོ་སྐྱོང་ལས་ཁ་བྲལ་ཐབས་མེད་པས་མུ་མཐུད་བརྟན་སྲུང་བྱ་རྒྱུའི་བློ་ཐག་བཅད་པ་རེད།
2022ལོའི་ཟླ་8པར་ཁུང་ཐའེ་ཐའེ་ལས་ཀའི་དགོས་མཁོའི་དབང་གིས་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ནག་ཆུ་རུ་ཆེན་ནས་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་ཉིང་ཁྲི་རུ་ཁག་ཏུ་ལས་འགན་འཁུར་བར་བསྐྱོད་པ་རེད། བོད་དུ་བསྐྱོད་པ་ནས་བཟུང་ཁུང་ཐའེ་ཐའེ“མདོག་འགྱུར་ཡང་སེམས་མི་འགྱུར”བའི་དད་སེམས་ལ་བརྟེན་ནས་བཀོད་འདོམས་པའི་སྣེ་ཁྲིད་དེ། སྔ་རྗེས་སུ་མེ་གསོད་དམག་འཐབ་ཀྱི་ལས་འགན་130ལྷག་ཙམ་ལེགས་སྒྲུབ་བྱས་པ་དང་ཉེན་སེལ་རོགས་སྐྱོབ་ཐེངས་90ལྷག་ཙམ་ནང་ཞུགས་ཡོད་པ་རེད།
མེ་ལྕེ་ནི་བཀའ་ལྟ་བུ་དང་དུས་ཚོད་ནི་ཚེ་སྲོག་ཡིན།
ནག་ཆུ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡན་ལ་གནས་ཡོད་པས་གསོ་རླུང་ནི་ནང་སའི་ཕྱེད་ཀ་ཡང་ཟིན་གྱི་མེད་ལ་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་མན་ཡིན་པས་གནས་དེར་མིའི་རིགས་ཀྱི་“ཚེ་སྲོག་བཀག་སྡོམ་ཁུལ་”ཡང་ཟེར། མཁའ་རླུང་རྒྱ་མཚོའི་ངོས་ལས་མཐོ་པོ་ཡོད་པས་ལུས་སྟོབས་སྦྱོང་བརྡར་བྱས་ནས་དཔུང་ཁག་ཧྲིལ་པོའི་འཐབ་འཛིང་ནུས་པ་ཆེར་རུ་གཏོང་རྒྱུ་དེ་དཀའ་ངལ་ཞིག་ཏུ་གྱུར་ཡོད། ཁུང་ཐའེ་ཐའེ་དང་བཀོད་འདོམས་པ་ཚོས་རྨང་གཞིའི་ལུས་སྟོབས་ནས་འགོ་བཙུགས་ཏེ་གོམ་པ་འགའ་ནས་གོམ་པ་མང་པོའི་བར་དང་། ལག་སྟོང་ནས་དངོས་པོ་ལྗིད་པོ་འཁུར་བའི་བར། སྤྱི་ལེ་3ནས་སྤྱི་ལེ་10བར་བཅས་སྦྱོང་བརྡར་ལ་རོལ་བ་རེད། ལོ་ཕྱེད་ཀྱི་དུས་ཚོད་ནང་ཁོང་ཚོས་ནག་ཆུའི་ས་མཐོའི་ཐོག“རྒྱང་སྐྱོད་ཆུང་ཆུང་”ཐེངས་གཅིག་བྱས་ནས་གངས་འཁྱགས་ཀྱི་ཁྲོད་དུ་གསོ་རླུང་མི་འདང་བའི་གནོན་ཤུགས་འཕྲད་ནའང་སྦྱོང་བརྡར་བྱས་ཏེ་ལུས་ལ་ལྕགས་སྲབ་ཀྱི་གོ་ཁྲབ་གྱོན་པ་ལྟར་འཚར་ལོངས་ཡོང་བ་བྱས་པ་རེད།
ད་བར་ཁུང་ཐའེ་ཐའེ་བཀོད་འདོམས་པའི་སྣེ་ཁྲིད་འོག་མི་མེད་ས་ཁུལ་དུ་ལས་འགན་སྐོར་གཡེང་ཐེངས་12ནང་ཞུགས་པ་དང་ས་ཁུལ་ལས་བརྒལ་བའི་མེ་གསོད་རོགས་སྐྱོར་ལས་འགན་ཐེངས་6ནང་ཞུགས་ཏེ། ཉིང་ཁྲིའི“དམག་འཐབ་དང་པོ”2020ལོའི་རྒྱལ་ཡོངས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་དཔེ་མཚོན་གྱོད་དཔེ་ཆེ་གྲས་བཅུའི་ནང་བདམས་པ་རེད།
ལང་ཚོར་ཨུ་ཚུགས་དང་དགའ་ཞེན་བྱེད་པ་འདི་ལོ་ཟླ་རིང་པོ་ལྟར་དགོས།
2024ལོར་ཁུང་ཐེ་ཐེ་ལ་རྒྱལ་ཡོངས་ཀྱི་ནགས་ཚལ་མེ་འགོག་ལས་དོན་གྱི་སྔོན་ཐོན་མི་སྒེར་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར། རྒྱལ་ཡོངས་ཀྱི་ཆེས་མཛེས་སྡུག་ལྡན་པའི་འཕྲལ་སྡོམ་དོ་དམ་ལས་ཀ་བྱེད་མཁན། རྒྱལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་མ་ལག་གི་རིམ་པ་གཉིས་པའི་དཔའ་བོའི་དཔེ་བཟང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། ཀྲུང་གོའི་མེ་གསོད་མེ་འགོག་གི་བློ་དཀར་སྲུང་དམག རྒྱལ་ཡོངས་ཀྱི་ལིའུ་ཧྥུང་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན། བོད་ལྗོངས་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས། བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར། བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་ལས་དོན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་བྱས་རྗེས་རིམ་པ་གཉིས་པ་ཐེངས་2དང་བྱས་རྗེས་རིམ་པ་གསུམ་པ་ཐེངས་5བཅས་ཐོབ་ཡོད་པ་རེད།
བསོད་བསྟན་གྱིས་བསྒྱུར།