http://zw.xzqnb.cn/Content/weixinlogo.png
དེ་རིང་རེ་སྒུག་བྱས་པའི་བསམ་དོན་ཆུང་ཆུང་དེ་འགྲུབ་སོང་། སློབ་གྲ
http://zw.xzqnb.cn/m/content/2024-04/19/000603.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ལྷ་ས་ནས་ཉིང་ཁྲིར་ཡུལ་སྐོར་ལ་བསྐྱོད་པ།

༄༅། །སྙིང་ཉེ་བའི་སྐྱེད་མ།

༄༅། །མེ་ཤིང་།

༄༅། །ངའི་སྨྱུག་སྒམ།

等待处理…

༄༅། །ལྷ་ས་ནས་ཉིང་ཁྲིར་ཡུལ་སྐོར་ལ་བསྐྱོད་པ།

作者 རྣམ་རྒྱལ་སྒྲོན་མ།
2024年04月19日

དེ་རིང་རེ་སྒུག་བྱས་པའི་བསམ་དོན་ཆུང་ཆུང་དེ་འགྲུབ་སོང་། སློབ་གྲྭས་སྒྲིག་བཙུགས་བྱས་ནས་ང་ཚོའི་འཛིན་གྲྭའི་སློབ་མ་དང་དགེ་རྒན་ཁ་ཤས་ཕྱི་དྲོའི་ཆུ་ཚོད་བཞི་པར་དབུས་ལྷ་ས་ནས་ཉིང་ཁྲི་ལ་ཡུལ་སྐོར་དུ་བསྐྱོད། ད་ཐེངས་ནི་དྲིན་ཆེན་ཕ་མ་བཞག་ནས་སྙིང་ཉེ་བའི་དགེ་རྒན་དང་བརྩེ་བའི་སློབ་གྲོགས་ཚོ་མཉམ་དུ་བསྐྱོད་པའི་ཡུལ་སྐོར་ཞིག་ཡིན་པས། ངའི་མི་ཚེའི་ནང་བག་ཆགས་ཟབ་ཤོས་ཤིག་ཏུ་གྱུར།

དབུས་ལྷ་ས་ནས་ཐོན་ཏེ་ཆུ་ཚོད་ལྔ་ལྷག་ཙམ་གྱི་ལམ་ཐག་ཁྲོད་སློབ་གྲོགས་ཚོས་རང་རང་གི་དགའ་ཕྱོགས་དང་མཐུན་པའི་གླུ་གཞས་བཏང་། སྒེའུ་ཁུང་གི་ཕྱི་རོལ་ནས་ལྷུན་པོའི་ལྡེབས་ཚང་མ་རང་བྱུང་ནགས་ཚལ་གྱིས་ཁེངས་ཤིང་ཀེ་ལ་ཤ་ཡི་རྩེ་མོར་ཁ་བ་བབས་པའི་མཛེས་ལྗོངས་མཐོང་ལ་ཀོང་པོའི་མ་ཡུམ་གཙང་པོ་སྟེ་གོས་ལྗང་གྱོན་པའི་ཀོང་པོའི་ཉང་ཆུ་གཙང་པོ་ཡང་མཐོང་བྱུང་། སྐབས་འགར་ཡུལ་སྐོར་སྣེ་ཁྲིད་དགེ་རྒན་གྱིས་བོད་ཀྱི་མྱུར་བགྲོད་གཞུང་ལམ་དང་ཕུག་ལམ་ག་དུས་བསྐྲུན་པ་སོགས་ཀྱི་ལོ་རྒྱུས་གསུངས་པས། མེས་རྒྱལ་གྱི་བླ་ན་མེད་པའི་ཐུགས་ཁུར་འོག་བོད་ལྗོངས་གསར་པ་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི་མཐོང་ཐོས་མྱོང་གསུམ་ལ་སེམས་གཏིང་ནས་སྨྲ་མི་ཤེས་པའི་དགའ་ཚོར་བྱུང་བས་ང་ཚོས་འབད་བརྩོན་ལྷོད་མེད་ཀྱིས་རིག་གནས་སྦྱངས་ཏེ། སླད་ཕྱིན་ཆད་རྒྱལ་ཁབ་དེ་བས་འབྱོར་ཕྱུག་ལྡན་པ་ཡོང་ཆེད་རང་ནུས་ཡོད་རྒུ་འབུལ་འདོད་བྱུང་། ཉིང་ཁྲིར་སླེབས་མ་ཐག་དྲི་ཞིམ་འཐུལ་བའི་ཟ་ཁང་ཞིག་ཏུ་རྒྱ་ཟས་ལེའུ་བཅོ་བརྒྱད་བཤམས་ནས་ང་ཚོ་ལ་བསུ་བ་ཞུས་བྱུང་། དེ་རྗེས་མགྲོན་ཁང་དུ་ཁྲིད་ནས་ངལ་གསོ་བརྒྱབ་པ་སྟེ་དོན་སྙིང་ལྡན་པའི་ཉིན་གཅིག་དེ་ལྟར་ཕྱིན་སོང་།

ཉིང་ཁྲིར་སླེབས་པའི་ཉིན་གཉིས་པའི་ཞོགས་པར་མཁའ་ལྡིང་མཛེས་ལྗོངས་ཁུལ་ལ་ཁྲིད། ས་གནས་དེའི་མཐོ་ཚད་མཚོ་རྩིས་སྨི༢༩༨༠ཡིན་ཞིང་རྒྱལ་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཀྱང་རེད་འདུག རླངས་འཁོར་ནས་ཐོག་མར་བབས་དུས་མིག་མདུན་དུ་འཆར་བ་ནི་ཕྱོགས་བཞིའི་བྲག་རིའི་སྟེང་གདོད་མའི་ནགས་ཚལ་ཚང་ཚིང་གིས་ཁེངས་ཤིང་མཁའ་རླུང་དྭངས་གཙང་ལྡན། དེ་ནས་མུ་མཐུད་སྣེ་ཁྲིད་པ་དང་མཉམ་དུ་མཛེས་ལྗོངས་ཁུལ་གྱི་བྲག་རིའི་ངོས་ཀྱི་རང་བྱུང་བཀོད་པ་དང་མཁའ་ལྡིང་གནམ་རིའི་རྦབ་ཆུ་ཡང་མཐོང་། གོ་ཐོས་ལ་ས་དེ་གར་ཆར་ཆུ་རྟག་ཏུ་ལེགས་པ། ནགས་ཚལ་གཡུ་ལོ་རྒྱས་པ། དགུན་གྲང་ཡང་དབྱར་ཚ་བ་ཆུང་བ་སོགས་ཁྱད་ཆོས་དུ་མ་ལྡན། ཉིན་གུང་རྒྱལ་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་བྲག་གསུམ་མཚོར་སླེབས། མཚོ་རྩིས་སྨི༣༣༨༠ཡོད་པའི་ས་ཁུལ་དེ་ནི་གྲོག་རོང་གི་རྣམ་པར་གྲུབ་ཅིང་བྲག་རི་གཡང་གཟར་ལ་རི་རྩེ་སྤྲིན་ལ་ཟུག་འདྲ་བ། མཐའ་བཞི་ལྷུན་པོས་བསྐོར་ཅིང་དཀྱིལ་དུ་མཚོ་ཡོད་པས། སྟེང་ནས་བལྟ་དུས་གནམ་ས་བརྗེ་པོ་སློག་པ་འདྲ་ཞིང་མཚོ་འགྲམ་དུ་སླེབས་སྐབས་ཆུ་བོ་དྭངས་ཤིང་ཆུ་འོག་གྲམ་ཧྲུག་གསལ་ལེར་མཐོང་། ཆུ་བོ་ཧ་ཅང་ལྷིང་བས་རྒྱུགས་འགྲོ་བ་ཡང་མི་ཤེས། མཚོ་དཀྱིལ་དུ་མཚོ་རྫོང་དགོན་པ་ཟེར་བ་ད་བར་ལོ་ངོ༡༣༠༠ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་རྙིང་མའི་དགོན་པ་ཞིག་ཡོད་པ་དེའི་རྟེན་གཙོ་ནི་སློབ་དཔོན་པད་མ་འབྱུང་གནས་ཡིན། རྔམ་བརྗིད་ལྡན་པའི་མཆོད་རྟེན་ཡང་མང་པོ་འདུག་པས། ངས་བལྟས་ན་གནས་དེ་ནི་སུམ་རྩེན་གནས་དང་གཉིས་སུ་མ་མཆིས། ཉིན་གཉིས་པར་འགྲོ་བསྐྱོད་མང་བའི་རྐྱེན་གྱིས་ལུས་པོ་ཐང་ཆད་ཀྱང་སློབ་སྦྱོང་གི་དཀའ་ངལ་དང་སེམས་ཀྱི་སྡུག་བསྔལ་དག་བློ་ཡུལ་ལ་གཏན་ནས་མེད་པས་དགའ་སྐྱིད་ཀྱི་སྤྲོ་བ་ལས་གཞན་གང་ཡང་མེད་དོ། །

ཉིན་གསུམ་པར་ཉིང་ཁྲི་ཀོང་ཏུང་སློབ་འབྲིང་ལ་གཏམ་བཤད་ཉན་པར་ཕྱིན། དེ་རུ་བདག་གི་སློབ་ཆུང་སློབ་གྲོགས་འཕྲད་པས་དགའ་ཚོར་ཆེན་པོ་བྱུང་ལ་སྐད་གྲགས་ཆེ་བའི་རྒན་ཉི་མ་དབང་འདུས་ལགས་མཇལ་བྱུང་། མ་གཞི་ཁོང་ནི་དབང་པོ་སྐྱོན་ཅན་ཞིག་ཡིན་ཡང་ཁོང་གིས་དཀའ་ངལ་ཁྱད་བསད་བྱས་ནས་མི་ཚེ་རིན་ཐང་ལྡན་པར་བྱས། ཁོང་གིས“ང་ལ་མིག་ལོང་བ་འདི་སྐྱོན་ཆ་ཞིག་གཏན་ནས་མ་ཡིན། དེ་ལས་ལྡོག་སྟེ་དགེ་མཚན་ཞིག་ཡིན”ཞེས་གསུངས་དུས་ང་ཚོ་ཚང་མ་རང་དབང་མེད་པར་མིག་ཆུ་ཤོར་སོང་། ཁོང་གིས་ང་ཚོར་གསུངས་པའི་ནང་དོན་ནི། ཡིད་ཆེས། དམིགས་ཡུལ། འཆར་གཞི། མཐུན་སྒྲིལ། ཀུན་སྤྱོད། སློབ་སྦྱོང་བཅས་ཁོང་གི་མི་ཚེའི་ཉམས་མྱོང་དང་འབྲེལ་ནས་སློབ་གསོ་མང་པོ་གནང་བྱུང་། བདག་གིས་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁྱེད་ནི་སྐྱེ་བོ་ཀུན་གྱི་མིག་དཔེ་བཟང་པོ་ཡིན་པས། ཁྱེད་ཀྱི་མི་ཚེ་དེ་བས་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུའོ། །

ད་ཐེངས་ཀྱི་ཡུལ་སྐོར་དེ་མཇུག་བསྒྲིལ་སོང་། ཕྱོགས་ཁག་གི་སྐུ་མགྲོན་ཚོས་རང་བྱུང་མཛེས་སྡུག་དེ་དག་ལ་མི་བསྟོད་ཅི་ལ་སྲིད། མི་དང་མིའི་བར་གྱི་བརྩེ་བ་ཇེ་སྲབ་ཏུ་འགྲོ་བའི་མཚམས་འདིར་མི་ཡུལ་གྱི་ཡིད་འོང་ཞིང་ཁམས་དེ་ཚོ་ནས་བྲལ་མི་འདོད་པའི་སྣང་བ་ཞིག་སྟེར་གྱི་འདུག ང་ཚོས་གོ་སྐབས་དེ་ཚོ་ལ་གཅེས་འཛིན་དང་སློབ་སྦྱོང་ལ་དེ་བས་འབད་བརྩོན་ལྷོད་མེད་བྱས་ནས་མ་འོངས་པའི་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པར་བྱེད་དགོས། །

ལྷ་ས་ཅང་སུའུ་ཚོད་སློབ་ལོ་རིམ༧(༦)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博