http://zw.xzqnb.cn/Content/weixinlogo.png
གནམ་ནས་ཤ་བག་ལེབ་ཟགས་མི་སྲིད་ཅེས་པའི་དཔེ་ལྟར་སློབ་སྦྱོང་བྱེད་
http://zw.xzqnb.cn/m/content/2023-09/15/000264.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །སློབ་སྦྱོང་ནི་རྒྱུན་རིང་གི་འབད་བརྩོན་ལ་བརྟེན་དགོས།

༄༅། །བཤེས་གཉེན་བཀའ་དྲིན་ཡིད་ནས་དྲན།

དགེ་རྒན་གྱི་ལས་རོགས་ཆུང་ཆུང་། འཛིན་གྲྭའི་ཉི་མ་ཆུང་ཆུང་།

དུས་རབས་ལས་བྱུང་བའི་བདེ་སྐྱིད།

等待处理…

༄༅། །སློབ་སྦྱོང་ནི་རྒྱུན་རིང་གི་འབད་བརྩོན་ལ་བརྟེན་དགོས།

作者 འཇམ་དབྱངས་སྒྲོལ་དཀར།
2023年09月15日

གནམ་ནས་ཤ་བག་ལེབ་ཟགས་མི་སྲིད་ཅེས་པའི་དཔེ་ལྟར་སློབ་སྦྱོང་བྱེད་དུས་ངེས་པར་དུ་རྒྱུན་ཆགས་ཀྱི་བརྩོན་པ་བྱེད་དགོས་པ་ལས་ཨ་གསར་རྟ་ལས་མགྱོགས་ཞེས་པ་ལྟར་གནས་སྐབས་ཙམ་གྱི་འབད་བརྩོན་གྱིས་མཁས་པའི་གནས་ལ་སླེབས་ཐབས་མེད། སྔོན་བྱོན་གྱི་མཁས་པས། རང་ལ་དགོས་པའི་ཡོན་ཏན་དེ། །ཉི་མ་རེ་ལ་ཚིག་རེ་ཟུངས། །གྲོག་མཁར་དང་ནི་སྦྲང་རྩི་ལྟར། །རིང་པོར་མི་ཐོགས་མཁས་པར་འགྱུར། །ཞེས་པ་ལྟར་སློབ་སྦྱོང་ལ་རྒྱུན་ཆགས་ཀྱི་བརྩོན་པ་ལ་བརྟེན་དགོས་པའི་སྙིང་པོ་འདི་ན་གསལ།

སློབ་མ་ཞིག་གི་ངོས་ནས་བརྗོད་ན། སློབ་སྦྱོང་བྱ་རྒྱུ་དེ་ནི་ང་ཚོའི་གལ་འགངས་ཆེ་ཤོས་ཀྱི་བྱ་བ་ཞིག་ཡིན་པ་ནི་སྨྲོས་ག་ལ་དགོས། ང་ཚོས་ཉིན་ལྟར་ཕྲག་སྟེང་དུ་སློབ་སྦྱོང་བྱ་བའི་འགན་འཁྲི་ལྗིད་པོ་དེ་ཁུར་ནས་དུས་དང་རྣམ་པ་ཀུན་ཏུ་བརྩོན་པ་ཆུ་བོའི་རྒྱུན་ལྟར་བསྟེན་དགོས། ཡིན་ནའང་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་མཚམས་རེར་ཚང་མར་དཀའ་ལས་ཁག་པའི་དུས་ཤིག་དང་སློབ་སྦྱོང་བྱེད་མི་འདོད་པའི་བསམ་བློ་ཞིག་ཀྱང་སྐྱེས་སྲིད། ལ་ལས་ཚོར་བ་དེ་འདྲ་བྱུང་དུས་ཡིད་ཆད་བློས་གཏོང་བྱེད་སྲིད། འོན་ཀྱང་བརྟག་དཔྱད་ཡག་པོ་བྱས་ན་དེ་འདྲའི་དཀའ་ངལ་གྱི་ཚོར་བ་ཤུགས་ཆེན་འབྱུང་མཁན་ཕལ་ཆེ་བ་ནི་དུས་ཐུང་ནང་འབྲས་བུ་འཐོབ་འདོད་དང་། དུས་ཐུང་གི་དྲག་པོའི་འབད་འཐབ་ལས་ཡོན་ཏན་འབྱུང་ནུས་སྙམ་མཁན་གྱི་མི་དག་རེད། བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པའི་མི་དག་ལ་མཚོན་ན། འབད་བརྩོན་ནི་འཚོ་བའི་ཆ་ཤས་ཤིག་དང་འབད་བརྩོན་ནི་མི་ཚེའི་དད་མོས་ཤིག་ལ་གྱུར་ཟིན་པས། ཁོ་ཚོ་དཀའ་ངལ་གྱི་ཚོར་བ་དྲག་པོས་གཙེས་མི་ནུས། དེ་ཡང་། ཆུ་ཡི་ནང་དུ་ཞུགས་པ་དེར། ཆར་གྱིས་ལྷག་པར་གནོད་མི་འགྱུར། ཟེར་བ་བཞིན་རེད། དེར་བརྟེན་བླུན་པོ་དང་མཁས་པའི་དབར་གྱི་གནམ་ས་བླ་འོག་ལྟ་བུའི་ཁྱད་པར་དེ་ཡང་ཆུ་ཐིགས་བསགས་པའི་རྒྱ་མཚོ་བཞིན་དུ་སྒྲུབ་པ་ཡིན། ང་ཚོ་སུ་ཡང་རང་ཉིད་བླུན་པོ་བྱ་འདོད་ཀྱི་བསམ་པ་ག་ལ་ཡོང་སྲིད། འོན་ཀྱང་མཁས་བླུན་གཉིས་ཀ་ནི་རྟག་ཏུ་གནས་པའོ། །འདི་ནི་རིག་གནས་སློབ་སྦྱོང་དང་བྱ་བ་གཞན་གྱི་ཁྱད་པར་རེད། བྱ་བ་རེ་འགར་འབད་ཐབས་ཤུགས་ཆེན་ཞིག་གིས་གྲུབ་འབྲས་ཐོབ་པ་ཡོད་སྲིད་ཀྱང་རིག་གནས་སློབ་སྦྱོང་ལ་དེ་འདྲ་ཡོང་མི་སྲིད་པ་རེད། དེས་ན་རིག་གནས་སློབ་སྦྱོང་ནི་ང་ཚོའི་སྙིང་སྟོབས་ལ་རག་ལས་ཡོད། ང་རང་ལ་ཡིད་ཆེས་བརྟན་པོ་ཡོད་པ་ནི་གལ་སྲིད་སློབ་སྦྱོང་བྱ་འདོད་ཀྱི་བསམ་པ་ཡོད་ན་ཕྱི་རོལ་ཡུལ་གྱི་ཁོར་ཡུག་གིས་ང་ཚོར་ཤུགས་རྐྱེན་ག་ལ་ཐེབས་སྲིད།

སློབ་སྦྱོང་བྱ་བའི་གོ་རིམ་འདི་ནི་རྙོག་འཛིང་ལྡན་པ་ཞིག་དང་དཀའ་ལས་ཁག་པོ་ཞིག་རེད་ཨང་། ཡིན་ན་ཡང་གལ་སྲིད་ང་ཚོས་བློ་བརྟན་འགྱུར་མེད་ངང་འབད་པ་བྱས་ན་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ང་ཚོར་དྲིན་ལན་འཇལ་སྲིད། སློབ་སྦྱོང་བྱས་ནས་ཐོབ་པའི་ཤེས་བྱ་དག་ལམ་སེང་བེད་སྤྱོད་ཡོད་མེད་ང་ཚོས་བཤད་མི་ཤེས་ཀྱང་སློབ་སྦྱོང་མ་བྱས་ན་བླུན་པོ་ཡིན་པ་གཏན་འཁེལ་རེད། གནས་སྐབས་ཀྱི་བདེ་བར་ཆགས་ནས་རིག་གནས་སློབ་གསོ་མེད་པའི་མུན་ནག་ཁྲོད་དུ་བོང་བུ་རྐྱང་དཀར་ལྟར་གྱི་འཚོ་བ་བསྐྱལ་པ་ལས་རང་ཉིད་ཀྱི་དཀའ་ལས་དང་འབད་པར་བརྟེན་ནས་ཤེས་རབ་ལྡན་པའི་འཚོ་བར་རོལ་ན་དགའ་འོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། སྤེན་པ་ཚེ་རིང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博