http://zw.xzqnb.cn/Content/weixinlogo.png
དུས་ཚོད་ནི་ང་ཚོའི་གྲོང་འདབས་ནས་རྒྱུགས་འགྲོ་བའི་ཆུ་བོ་ཆེན་པོ་
http://zw.xzqnb.cn/m/content/2026-11/20/002073.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །རྩྭ་འཇག་མའི་ལེགས་སྐྱེས།

༄༅། །བརྗེད་པར་དཀའ་བའི་དམའ་འབྲིང་གི་འཚོ་བ།

༄༅། །ཕ་ས་ཕ་ཡུལ།

༄༅། །སེམས་ཀྱི་ཡིག་འཕྲིན་དམར་པོ།

等待处理…

༄༅། །བརྗེད་པར་དཀའ་བའི་དམའ་འབྲིང་གི་འཚོ་བ།

作者 དོན་གྲུབ་སྒྲོལ་མ།
2026年11月20日

དུས་ཚོད་ནི་ང་ཚོའི་གྲོང་འདབས་ནས་རྒྱུགས་འགྲོ་བའི་ཆུ་བོ་ཆེན་པོ་དེ་ཡིན་ན། དེའི་དྲག་པོའི་རྦ་རླབས་དང་མཁའ་ལ་འཕྱུར་བའི་ཟེགས་མ་ནི་འཚོ་བའི་ཁྲོད་ཀྱི་སྡུག་ཡུས་ཡོད་ཚད་དང་། ཕྱིར་མིག་མེད་པར་མདུན་དུ་བཞུར་འགྲོ་བ་ནི་ང་ཚོས་སྣང་མེད་དུ་གཏོང་བཞིན་པའི་དུས་ཀྱི་གོམ་འགྲོས་དང་ཅིས་མི་མཚུངས།

དུས་ཚོད་ནི་དེ་འདྲའི་འགྲོ་མགྱོགས་པ་ལ་ཨང་། ཡུད་ཙམ་ཞིག་ལ་ང་རང་སློབ་འབྲིང་ཐོན་པར་ཉེ་སོང་། ལོ་གསུམ་གཤིབ་པའི་སློབ་གྲོགས་ཚོ་དང་། ངལ་བ་འཛེམ་མེད་ཀྱིས་སློབ་ཁྲིད་གནང་ནས་མ་རིག་མུན་པ་སེལ་མཁན་གྱི་དགེ་བའི་བཤེས་གཉེན་རྣམས་དང་ཁ་བྲལ་བའི་དུས་ལ་ཉེ་སོང་། གལ་ཏེ་ལྕང་མའི་ལོ་འདབ་ལྷབ་ལྷུབ་ཏུ་འགུལ་བཞིན་ལྕང་སྡོང་ཐོག་གི་སྔོ་ལྗང་དུ་གྱུར་པའི་ལོ་མ་རེ་རེ་ཁྱེད་དང་ངའི་ལོ་ཟླའི་གཟུགས་རིས་ཡིན་ན། བསིལ་འཇམ་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་ཡོམ་ཡོམ་གཡོ་ཞིང་། ཤིག་ཤིག་གི“ཤུ་གླུ”བར་མེད་དུ་སྒྲོག་པ་ནི་དགའ་སྐྱོ་འདྲེས་མའི་དམའ་འབྲིང་འཚོ་བའི་ངོ་རིས་དེ་ལོས་ཡིན།

དབྱར་ཟླ་འབྲིང་པོའི་དུས་ཚོད་ཀྱི་བར་སྟོང་འདི་ནས་སྔར་སོང་ལ་ཕྱིར་མིག་བྱས་ཚེ། ང་ཚོའི་སྣང་ངོ་རུ་འཆར་བ་ནི་སློབ་གྲོགས་ཕན་ཚུན་ཤབ་ཤུབ་ཏུ་ཤོད་བཞིན་པའི་སྙིང་གཏམ་དང་། ནག་པང་ཐོག་ཏུ་བཀོད་པའི་ཕུགས་བསམ་གྱི་འོད་སྣང་། སློབ་ཁང་ནང་གི་དཔེ་ཀློག་དང་རྩེད་དགའི་སྒྲའམ། ཡང་ན་རྩེད་མོའི་ཡོ་ལང་རྒྱས་པའི་ལུས་རྩལ་ཐང་གི་འུར་ཟིང་རྣམ་པ་སོགས་ཡིན། དེ་ནི་འདི་ལོའི་རྣམ་པར་བཀྲ་བའི་དབྱར་ཁའི་མཛེས་ལྗོངས་བཞིན་བདག་སེམས་ཀྱི་ཞིང་ཁམས་ན་སྡུག་གུར་བཞད།

“ལོ་གཅིག་གི་ནང་ཆེས་རྩ་ཆེ་ཤོས་ནི་དཔྱིད་ཀ་དང་། ཉིན་གཅིག་གི་ནང་ཆེས་རྩ་ཆེ་ཤོས་ནི་ཞོགས་པ་ཡིན”ཞེས་པ་ལྟར། མི་གཅིག་གི་མི་ཚེའི་ནང་ཆེས་རྩ་ཆེ་ཤོས་ནི་ལང་ཚོའི་དུས་སྐབས་ཡིན་པས། བརྗེད་པར་དཀའ་བའི་དམའ་འབྲིང་གི་འཚོ་བ་འདི་མཇུག་སྒྲིལ་ལ་ཉེ་མོད། དེ་ཡོད་ཚད་མཇུག་སྒྲིལ་བའི་མཚོན་རྟགས་སུ་ག་ལ་འགྲོ་སྟེ། ལང་ཚོའི་དུས་སྐབས་ཀྱི་འགོ་གཞི་ནས་བཙུགས་པར་བརྩིས་ན་འགྲིག ད་ལྟ་ང་ཚོའི་ཕྲག་ཐོག་ཏུ་བབས་པའི་ལས་འགན་གཙོ་བོ་ནི། འབྲིང་རྒྱུགས་ལ་ཁ་ཇི་ལྟར་གཏད་རྒྱུ་དེ་རེད། དེར་བརྟེན། ང་ཚོས་འབྲིང་རྒྱུགས་ལ་དམིགས་ནས་འབད་བརྩོན་ལྷོད་མེད་བྱེད་དགོས་པ་སྨོས་མེད་རེད། “ཆུ་ཐིགས་རྟག་ཏུ་འབབ་པ་ཡིས། །བྲག་གི་རི་བོ་འབིགས་ལ་ལྟོས”ཞེས་པ་ཇི་བཞིན། ང་ཚོས་འབད་བརྩོན་ལྷོད་མེད་བྱས་ན། རང་གི་མིག་སྔའི་ཕུགས་འདུན་དེ་མངོན་འགྱུར་འབྱུང་སྲིད་པ་དང་། དམའ་འབྲིང་གི་ལོ་གསུམ་འཚོ་བ་དེ་ཡང་ཆུད་ཟོས་སུ་མ་སོང་བ་རེད། འཚོ་བ་ནི་མངར་སྐྱུར་འདྲེས་མའི་ཚིག་ཇ་ཞིག་དང་འདྲ། ཁྱོད་རང་དཀའ་སྡུག་ལ་མ་སྐྲག་པར་འཚོ་བར་སྤྲོ་སྣང་འཕེལ་ཚེ། དེ་ནི་ཁྱོད་ལ་མཚོན་ན་འཚར་ལོངས་བྱུང་བའི་དོན་དག་བཟང་པོ་ཞིག་རེད། དམའ་འབྲིང་ལོ་ངོ་གསུམ་གྱི་རིང་ལ་དཀའ་སྡུག་མང་པོ་ཞིག་འཕྲད་མྱོང་ཡོད་མོད། དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་བསྐྱོད་ཐུབ་མཁན་དག་ནི་ད་གཟོད་ཆེས་མཐའ་མཇུག་གི་རྒྱལ་ཁ་ལོན་མཁན་དེ་དག་རེད།

བརྗེད་པར་དཀའ་བའི་དམའ་འབྲིང་གི་འཚོ་བའི་ནང་དུ་དགའ་བའང་ཡོད་ལ་སྐྱོ་བའང་ཡོད། དུས་ཀྱི་ཤིང་རྟ་བར་མེད་དུ་འཁོར་བསྐྱོད་བྱས་ཏེ་འགྱུར་ལྡོག་འགྲོ་བཞིན་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་རེད། ལོ་ངོ་གསུམ་གྱི་རིང་ང་དང་སློབ་གྲོགས་ཚོའི་བར་ལ་སྐྱིད་སྡུག་མཉམ་མྱོང་གི་དྲན་ཤེས་འཛད་མཐའ་བྲལ་བ་ཞིག་བཞག་ཡོད་མོད། མཐའ་མཇུག་དེ་དག་གློག་བརྙན་སྟོན་པ་དང་འདྲ་བར་ང་ཚོའི་མིག་ལམ་ནས་ཡལ་ཟིན། ངས་དེ་ལྟར་མཚན་གཞུང་མང་པོར་ཉལ་ཁང་ཤེལ་སྒོ་བརྒྱུད་དེ་དགུང་སྔོན་ནམ་མཁའི་པང་ལ་ཉལ་བའི་དཀར་གསལ་ཟླ་བར་ལྟ་བཞིན་ཟླ་བ་ལྟར་རྒྱང་ཐག་རིང་བའི་འདས་སོང་ལོ་ཟླ་ལ་ཕྱིར་དྲན་བྱེད་མྱོང་ཨང་།

ཤང་ཤང་དུ་རྒྱུགས་པའི་ཆུ་མོ་དལ་ཙམ་བྱེད་རྒྱུ་བྱུང་ན་དགའ་བ་ལ། ངའི་དམའ་འབྲིང་གི་འཚོ་བའི་སྟངས་སྟབས་ཀྱང་ཅུང་ཟད་མགྱོགས་དྲགས་པའི་སྣང་བ་བྱུང་། ད་ནི་ཡོད་ཚད་ལ་འདེམ་ཀ་བྱེད་དབང་མི་འདུག བརྗེད་པར་དཀའ་བའི་དམའ་འབྲིང་གི་འཚོ་བ་དེ་ནམ་ཡང་དྲན་པའི་བརྟན་ལ་འཇོག་རྒྱུ་ཙམ་ལས་ཐབས་གཞན་རྩ་བ་ནས་མེད་དོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོ་ལོ་རིམ༩(༡༦)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博