དུས་ཚོད་ནི་གསེར་ལས་དཀོན། ལང་ཚོ་ནི་ཀུན་ལས་ལྷག ལྷན་འཛོམས་ནི་ཁ་སང་གི་ལོ་རྒྱུས་སུ་
གྱུར་ཟིན་ཅིང་། གྱེས་བྲལ་ནི་འཕྲལ་མར་ང་ཚོའི་མིག་མདུན་དུ་སླེབས་སོང་།
དམའ་འབྲིང་ནི་ལང་ཚོ་ཡི་མེ་ཏོག་བཞད་པའི་དུས་ཡིན་ལ། ཤེས་རབ་ཀྱི་འདབ་ལག་རྒྱས་པའི་དུས་ཀྱང་ཡིན། མི་ལོ་གསུམ་གྱི་རིང་ལ་ང་ཚོས་ཞོགས་པའི་སྐྱ་རེངས་དང་འགྲོགས་ཏེ་བརྩོན་པའི་བང་ཁ་འགྲན་མྱོང་ལ། མཚན་མོའི་མུན་ནག་གསེང་ནས་རིག་པའི་སྒྲོན་མེ་ཡང་བཙལ་མྱོང་། ང་ཚོ་སུ་ལ་མཚོན་ནའང་དམའ་འབྲིང་གི་འཚོ་བ་ནི་དོན་སྙིང་གིས་ཕྱུག་ཅིང་། རང་སེམས་བརྩེ་བས་གཏམས་པའི་འགྲུལ་བཞུད་ཀྱི་གཏམ་རྒྱུད་རིང་མོ་ཞིག་ཅི་ལ་མིན།
ངོ་མཚར་ཅན་གྱི་ལས་དབང་བཟང་པོས་བློ་གསལ་ན་མཉམ་ཚོ་དང་། ད་དུང་མུན་སེལ་སྒྲོན་མེ་ལྟ་བུའི་དགེ་བའི་བཤེས་གཉེན་རྣམས་དང་མཉམ་དུ་དགའ་སྤྲོའི་ལང་ཚོར་རོལ། ལྷད་མེད་མཛའ་བརྩེའི་དུང་སེམས་འོ་ཆུ་བཞིན་དུ་གཅིག་ཏུ་འདྲེས། ལྷོད་ལ་སྡོད་དུས་གཤིབ་མྱོང་བའི་ལོ་ཟླར་ཕྱིར་དྲན་བྱེད་པའི་ཚེ། མཛེས་སྡུག་གི་ལང་ཚོར་སྤྲོ་སྣང་གི་དགོད་སྒྲས་མཉམ་དུ་འཕག་མཆོང་རྒྱག་མྱོང་ལ། དཀའ་སྡུག་གི་ཁུར་པོས་ལྷན་དུ་མིག་ཆུའི་ཐིགས་ཕྲེང་ཡང་འདྲེས་མྱོང་། ད་ཆ་བྲལ་མི་ཕོད་པའི་བརྩེ་བ་ཟབ་མོས་ང་ཚོའི་ལྷད་མེད་པའི་དམ་ཚིག་གི་མདུད་པ་ལྷོད་དུ་གཏོང་རན་ཡང་། ང་ཚོ་སོ་སོའི་མི་ཚེའི་དམིགས་ཡུལ་དང་གདམ་ག མ་འོངས་མདུན་ལམ་དང་ཕུགས་འདུན་ཁོ་ནའི་ཆེད་དུ་བློས་གཏོང་བྱེད་མི་ཕོད་པ་མང་པོ་ཞིག་གནས་སྐབས་འདིར་བློས་གཏོང་མི་བྱེད་ཀ་མེད་རེད་ཨང་།
བརྩེ་བའི་སློབ་གྲོགས། ད་ཆ་ང་དང་ཁྱོད་ཅེས་བྲལ་ཁའི་ལམ་གྱི་བཞི་མདོ་འདིར། ང་ཚོའི་གྱེས་བྲལ་གྱི་བརྩེ་སེམས་མཚོན་པའི་མཛའ་བཤེས་རྡོ་རིང་ཞིག མ་འོངས་སླར་ཡང་མཉམ་འཛོམས་ཀྱི་དན་རྟགས་ཞིག་ཏུ་ངེས་པར་བཞེངས་ཏེ། མི་ཚེའི་ལམ་སྟོན་དང་བདེན་པའི་རྒྱབ་རི། དྲིན་གྱི་བདག་པོ་དང་ཤེས་རིག་གི་སྒྲོན་མེ་ལྟ་བུའི་དགེ་བའི་བཤེས་གཉེན་རྣམ་པར་སེམས་གཏིང་ནས་དད་གུས་དང་ཡི་རངས་ཚད་མེད་ཞུས་ཆོག བཤེས་གཉེན་བཟང་པོ་རྣམས་དང་མཇལ་བ་ནི་ང་ཚོའི་ལང་ཚོའི་དུས་ཀྱི་རྒྱུ་ནོར་རིན་བྲལ་ཞིག་ཡིན་ལ། དྲན་པའི་ཁྲོད་ཀྱི་མཚར་སྡུག་སྙན་དབྱངས་ཤིག་ཀྱང་ཡིན་ནོ། །
བརྗོད་མི་ཚར་བའི་སྙིང་གཏམ་ཕྲ་མོ་འདི། ཆེས་མཇུག་མཐའི་སྐྱེལ་ཆང་ལྟ་བུར་ཕུལ་ཞིང་། འདུས་པའི་མཐའ་མ་བྲལ་བའི་ཆོས་ཉིད་དང་། འཛོམས་པའི་མཐའ་མ་གྱེས་པའི་གནས་ལུགས་ཀྱི་བྲོ་བ་ཟབ་མོས་སླར་ཡང་བདག་གི་མགྲིན་པ་བརྣངས་ཤིང་། སླར་ཡང་དྲན་པའི་གདུང་བས་མནར་བྱུང་། བརྩེ་བའི་དགེ་བའི་བཤེས་གཉེན་དང་སློབ་གྲོགས་རྣམས་བདེ་མོར་བྱོས། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།


