རྣམ་ཀུན་ང་ཚོ་ངལ་གསོ་འཇོག་སྐབས་ཁྱིམ་ནང་ལ་ལས་ཀ་མང་པོ་ལས་རྒྱུ་མེད། ཡིན་ན་ཡང་ད་ཐེངས་ཨ་མ་ནང་ལ་མེད་པར་ལྷ་སར་ལུས་པོ་བརྟག་དཔྱད་བྱེད་དུ་ཕྱིན་པས། ཁྱིམ་ལ་གཅེན་མོ་གཉིས་དང་། གཅུང་པོ། ད་དུང་ཨ་ཕ་བཅས་ང་ཚོ་མ་གཏོགས་མེད། ནམ་རྒྱུན་ཁྱིམ་དུ་ལས་ཀ་མང་ཆེ་བ་ཨ་མས་ལས་ཀྱི་རེད། ཡིན་ན་ཡང་དེ་རིང་ཨ་མ་མེད་དུས་ང་དང་གཅེན་མོ་མཉམ་དུ་ལས་ཀ་མ་བྱས་རང་བྱས་རེད་འདུག
ངལ་གསོའི་ཉིན་གཉིས་པར་སླེབས་དུས་གཅེན་མོ་ཆེ་བས་དགུན་དུས་ཀྱི་ཁ་བ་བབས་པའི་རྐྱེན་གྱིས་ལྕི་བ་བརྩིག་ཏུ་འགྲོ་དགོས་ཟེར། དེ་ནས་ཨ་ཕས་ཉེ་འབྲེལ་གྱི་ཟོག་འདྲེན་རླངས་འཁོར་ཞིག་གཡར་ནས་ང་ཚོ་ལྕི་བ་བརྩིག་ཏུ་འགྲོ་ཟེར། ལས་ཡུལ་དངོས་ལ་འབྱོར་རྗེས་གཅེན་མོས“ཚང་མ་ལག་ཤུབས་ཡོད་ན་ལག་ཤུབས་གོན”ཟེར། ཡིན་ན་ཡང་ང་དུས་རྒྱུན་ནས་ལག་ཤུབས་གོན་འདོད་མེད་པས་དེ་དུས་གོན་མེད། དེ་ནས་ངས་ཁྲུས་གཞོང་གཅིག་ལག་ཏུ་བཟུང་ནས་ལྕི་བ་དབོར་བར་སོང་བ་ཡིན། དུས་ཚོད་ཏོག་ཙམ་སོང་རྗེས་རླུང་དམར་ཆུང་ཆུང་ཞིག་རྒྱུག་ནས་ངའི་མིག་ནང་དུ་རྡོ་ཕྱེ་ཆུང་ཆུང་ཞིག་འཛུལ་སོང་བས། ངས་སྟོད་གོས་ཕུ་ཐུང་གིས་མིག་ཕྱིས་པ་ཡིན། དེའི་ཚེ་གཅེན་མོས་སྐད་ཆེན་པོ་ཞིག་བརྒྱབ་ནས“ལྕི་བ་ལམ་སེང་དབོར”ཟེར། ད་དུང“དུས་རྒྱུན་ཁ་པར་ལྟ་དུས་སུ་ཧ་ཅང་དགའ་པོ་ཡོད། དེ་རིང་ལས་ཀ་ལས་དུས་ཅི་རེད་འདུག”ཟེར་ནས་སྡིགས་མོ་ཡང་བྱས། ཉིན་གུང་སླེབས་རྗེས་ང་ཚོ་མི་རེ་རེ་སྟབས་བདེའི་ཐུག་པ་རེ་ཟོས་ནས་མུ་མཐུད་ལྕི་བ་བརྩིག་པ་ཡིན། སྔོན་ཆད་ཨ་མ་ཡོད་དུས་ལྕི་བ་བརྩིག་དུས་ཧ་ཅང་གི་མགྱོགས་པོ་ཡོད། འོན་ཀྱང་དེ་ཉིན་གཅེན་མོ་ཡིན་པས་ང་ཚོ་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཟིན་རུང་ད་དུང་བརྩིག་ཚར་མ་སོང་། དེ་ནས་ཨ་ཕས“དེ་རིང་ལས་མཚམས་ཞོགས། སང་ཉིན་ཁྱོད་ཚོ་གསུམ་གྱིས་མུ་མཐུད་དུ་ལྕི་བ་བརྩིག་པར་སོང”ཟེར། གཅུང་པོ་ཆུང་བས“ཨ་ཕ་ཁྱོད་སང་ཉིན་ག་པར་འགྲོ་གི་ཡིན”ཞེས་དྲིས་པས། ཨ་ཕས“ང་སང་ཉིན་ཁྱོད་ཀྱི་ཨ་ཅེ་སློབ་གྲྭ་ལ་སྐྱེལ་བར་འགྲོ་གི་ཡིན”ཞེས་བཤད། དེ་ནས་ང་ཚོས་ལྕི་བའི་ཐོག་ལ་འགྱིག་ཤོག་འགེབ་ཙམ་བྱས་ནས་ཁྱིམ་ལ་ལོག་པ་ཡིན། ཁྱིམ་ལ་སླེབས་རྗེས་ང་རང་སྟོད་གོས་བརྗེས་པས་གློ་བུར་དུ་ངའི་སློབ་གོས་ད་དུང་བཀྲུས་མེད་པ་ཚོར་བས། ཡང་དེ་འཁྲུད་དགོས་ཐུག་བྱུང་། དགོང་མོ་སླེབས་རྗེས་ངའི་གཟུགས་པོ་ཚང་མ་འདར་སིག་སིག་བྱས་ནས་ཤུགས་རྩ་བ་ནས་མི་འདུག ཨ་ཕ་ལ་དྲིས་པས། ཨ་ཕས“ཧ་ལམ་ཟ་མ་མ་ཟོས་དུས་ཡིན་རྒྱུ་རེད”ཟེར། ངས་ཅོག་ཙེའི་སྟེང་གི་སྣུམ་ལེབ་གཅིག་གཉིས་ཤིག་ཟོས་རྗེས་ཉལ་དུ་སོང་བ་ཡིན། དེ་ནས་ཁ་པར་སྐར་མ་ལྔ་ཙམ་ལས་མ་བལྟས་པར་གཉིད་དུ་ཡུར་སོང་། ཧ་ལམ་ཉིན་དེར་དཀའ་ལས་ཁག་དྲགས་པས་ཡིན་པ་འདྲ།
ད་ཐེངས་ཀྱི་ངལ་གསོའི་སྐབས། ངས་ཨ་མ་ཁྱིམ་དུ་མེད་པའི་སྐྱོ་སྣང་དེ་དངོས་སུ་མྱོང་ཚོར་ཐུབ་བྱུང་ལ། ཁྱིམ་ཚང་ཞིག་ལ་མཚོན་ན། ཨ་མ་ནི་ཇི་འདྲའི་གལ་ཆེ་བ་ཞིག་ཡིན་པའི་དོན་དངོས་ཀྱང་རྟོགས་བྱུང་ངོ་། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)
ཟུར་ཁྲིད་དགེ་རྒན། དགའ་བཟང་།


