西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །དགུན་དུས་ཀྱི་ཕ་ཡུལ། ༄༅། །བྲལ་ཁའི་སེམས་གཏམ། ༄༅། །ཨ་མ་ཁྱིམ་དུ་མ་བཞུགས་པའི་ཉིན་གཅིག །

放大 缩小 默认

༄༅། །དགུན་དུས་ཀྱི་ཕ་ཡུལ།

□ 作者 བསྟན་འཛིན་སྒྲོལ་སྐྱིད།

སྟོད་གངས་རི་དཀར་པོ་བརྗིད་ཉམས་ལྡན་པ་དང་། བར་ནགས་ཀླུང་སྟུག་པོ་བཚར་དུ་དངར་བ། སྨད་ཆུ་ཕྲན་གཙང་པོ་ལྷུང་ལྷུང་འབབ་པའི་ཡུལ་ལྗོངས་དེ་ནི་བདག་གི་དྲན་པའི་ངོས་སུ་ལྷང་ངེར་འཆར་བའི་མཛེས་སྡུག་ལྡན་པའི་ཕ་ཡུལ་ཡིན།

ཕ་ཡུལ་ནི་ང་རང་ཆུང་དུས་ཀྱི་འཚར་ལོངས་འབྱུང་ས་དང་། ངའི་མི་ཚེ་རིང་པོའི་སེམས་པ་འཁོར་ཡུལ་ཡིན། མཛེས་པའི་ཕ་ཡུལ་ལ་ཡིད་དབང་འཕྲོག་པའི་མཛེས་རྣམ་སྣ་ཚོགས་མཆིས་ཏེ། ང་ལ་མཚོན་ན་དུས་ཚིགས་མི་འདྲ་བ་བཞི་ལས་དབྱར་ཁ་དང་དགུན་ཁའི་རྣམ་པ་ནི་དགའ་ཤོས་ཡིན། དབྱར་ཁར་གྲངས་ལས་འདས་པའི་ཀུན་ཁྱབ་ཀྱི་རྒྱུ་སྐར་སྤང་ལ་བབས་པ་ལྟ་བུའི་མེ་ཏོག་སྣ་ཚོགས་ཁྲ་ཆེམ་དུ་བཞད་ཅིང་། རྒྱ་ཆེ་བའི་རྩྭ་ཐང་སྟེང་ལ་རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ཏེ་བག་ཕེབས་ངང་རྩྭ་ཆུའི་བཅུད་ལ་རོལ་བཞིན་ཡོད་པས། སྐྱེ་བོ་ཕལ་ཆེ་བ་ཡང་ང་དང་འདྲ་བར་ནམ་དུས་འདི་ལ་དགའ་ངེས་རེད། འོན་ཀྱང་དེ་རིང་ངས་འདིར་གླེང་བར་བྱ་བ་ནི་གཙོ་བོ་ནི་དབྱར་ཁ་མ་ཡིན་པར་དགུན་ཁའོ། །

ང་རང་དགུན་ཁར་དགའ་དོན་ནི་ཌ་རུ་དང་འདྲ་བའི་ངོས་གཉིས་ལྡན་གྱི་ཁ་བ་དང་འབྲེལ་བ་ཡོད། ཁ་བ་འབབ་སྐབས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ས་འཛིན་རྣམས་གོས་དཀར་གཡོགས་པའི་འཇིག་རྟེན་དུ་འགྱུར་ཞིང་། དྲང་ལ་སྙོམ་པའི་ཨར་འདམ་གྱི་གཞུང་ལམ་སྟེང་དུ་ཁ་བའི་ས་གདན་དཀར་པོ་ཐང་མར་བརྡལ་ནས་རྒྱང་རིང་ལ་བསྲིངས་ཡོད། དེ་ནི་ཅི་འདྲའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་རེད་ཨང་། ཡང་ཕྱོགས་གཞན་ཞིག་ནས་དགུན་དཀྱིལ་དུ་ཆུ་བོ་འཁྱགས་རོམ་དུ་འགྱུར་བ་དང་། མེ་ཏོག་དག་མིག་གི་མཐོང་ལམ་དུ་མ་གྱུར་ཞིང་། གྲང་ལྷགས་ཤིན་ཏུ་ལྡང་། དྲི་བཞོན་ནི་རྩེ་མོ་རྣོ་བའི་ཚེར་མ་ལྟར་ཤ་གསེང་རུས་སྲུབས་སུ་ཟུག་ནས་ལུས་ལ་བཟོད་དུ་མེད་པའི་ཟུག་རྔུ་སྦྱིན་ཡོང་ཁར། གྲང་རེག་འཛིན་པའི་ས་གཞི་ཁྱོན་ནི་བྱེ་ཐང་ལྟར་སྐམ་ཤེད་དང་ཐལ་མདོག་གིས་ཁེངས། དེ་ནི་དགུན་དུས་ཀྱི་ངོས་གཞན་ཞིག་ཡིན་མོད། ང་རང་ནི་ཁ་བའི་རྡུལ་མང་བརྩེགས་པའི་འཇིག་རྟེན་འདིར་ལྷག་ཏུ་དགའ་ཞིང་། ནང་མི་ལྷན་དུ་འདུ་འཛོམས་དང་ལོ་གསར་སོགས་ལ་རོལ་བའི་རྣམ་པར་ཡང་དེ་བས་དགའོ། །

ཉིན་ཞིག་གི་ཕྱི་དྲོར་ཡུམ་ཆེན་ལགས་ཀྱིས་ང་ལ། “བུ་མོ། ད་ངེད་གཉིས་ལྷན་དུ་ནོར་རྫིར་འགྲོ”ཟེར། ངས་ཁོང་ལ“དེ་རིང་ང་རང་གཅིག་པུ་སོང་བས་ཆོག”ཅེས་ཞུས་པ་ཡིན། ང་རང་ཞྭ་མོ་དང་ལག་ཤུབས་གྱོན་ནས་ཕྱི་རོལ་དུ་ཆས་པ་དང་། ནམ་མཁར་སྤྲིན་པ་མཁྲིགས་ཤིང་ཁ་བ་ཟམ་ཟིམ་ཞིག་འབབ་བཞིན་འདུག དེ་ཉིན་ང་རང་གཅིག་པུ་གླུ་གཞས་གཏོང་གིན་ལམ་ལ་ཆས་པ་ཡིན། ཕྱིར་མིག་བལྟས་ཚེ་ལམ་ལ་བཞག་པ་ནི་ང་ཡི་རྐང་རྗེས་ཙམ་དུ་ཟད། ནོར་གནག་གཟན་ལ་གྲམ་ཡུལ་དུ་སླེབས་པ་ན། ཐང་ཤིན་ཏུ་ཆད་པས་རྡོ་རིང་ཞིག་གི་འགྲམ་དུ་བསྡད་ནས་ངལ་གསོས། ངས་ཁ་ཐུར་གཏད་ཀྱིས་ཕ་ཡུལ་གྱི་རྣམ་པར་རྒྱང་མིག་འཕེན་སྐབས། ཕ་ཡུལ་ནི་སྐྱ་ཐིང་ཐིང་གི་འཇིག་རྟེན་དཀར་པོ་ཞིག་ཏུ་གྱུར། ཁ་བ་ཡང་ག་ལེར་འབབ་ཐག་ཆོད་པ་དང་། རི་སྐེད་ནས་གནག་ཕྱུགས་རྣམས་ཕྱོགས་གང་དག་ལ་ཁ་གྲམ་ཡོད་མེད་མིག་ཉུལ་བྱེད་སྐབས། གངས་བུན་འཐིབས་ནས་གསལ་པོ་ཞིག་མཐོང་ཐབས་བྲལ་བའི་རྣམ་པ་དེ་ནི་ཀུན་གསལ་བུ་མོས་ནོར་གྱི་བློ་གྲོས་མ་ལ་གནང་བའི་དར་དཀར་གྱི་ཡོལ་བ་ཞིག་དང་ཅིས་མི་མཚུངས། ང་རང་རབ་མཛེས་ཀྱི་ཡུལ་ལྗོངས་དེ་ཡིས་སེམས་པ་ཡོངས་སུ་འཕྲོག་པའི་སྐབས་དེར། གློ་བུར་ངའི་ཉེ་ས་ནས་མི་ཞིག་གི་གོམ་སྒྲ་ཐོས་བྱུང་། ངས་མིག་ཟུར་ལྟ་ཙམ་བྱས་པ་དང་། དེ་ནི་ངས་ངོ་ཤེས་པའི་བུད་མེད་རྒྱུས་ཡོད་ཅིག་རེད། ངེད་གཉིས་ཕན་ཚུན་འཚམ་འདྲིའི་གླེང་མོལ་ཚིག་ཁ་ཁ་ཤས་ཤོད་རེས་བྱས་པ་དང་། གངས་བུན་ཡང་རིམ་བཞིན་དམའ་ས་ནས་རི་བོའི་རྩེ་མོར་འཕགས་པས། ངས་གང་མགྱོགས་ཕྱུགས་རྣམས་ལ་བྱ་ར་བྱས་པ་ན། ནོར་ཕལ་མོ་ཆེ་ནི་གཅིག་རྗེས་གཉིས་མཐུད་ཀྱིས་ཐུར་དུ་རྒྱུགས་བཞིན་འདུག ངས་ཆོ་དང་ཆོ་ཞེས་ནོར་གྱི་རྗེས་དེད་ནས་གང་མགྱོགས་ཁྱིམ་གྱི་ཕྱོགས་སུ་ལོག་ཕྱིན་པ་ཡིན། ཁྱིམ་གྱི་སྒོ་ར་རུ་འཛུལ་མ་ཐག་གཅེན་གཅུང་རྣམས་ཀྱིས་ང་ལ་གངས་རྩེད་རྩེ་བར་འགྲོ་ཟེར། ངས་ཀྱང་རང་ཉིད་འཁྱགས་ནས་ལུས་པོ་ཅུང་ཟད་འཁོབ་ཡོད་པ་ལ་སྣང་བ་མ་བཏང་བར། དགའ་སྤྲོའི་ངང་ནས“ཡ་ཡ”ཞེས་གངས་རྩེད་བརྩེ་བར་ཆས། མ་གཞི་ལག་པ་ཤིན་ཏུ་འཁྱག་ན་ཡང་དགའ་སྤྲོའི་སེམས་པ་ནི་ནམ་ཡང་དྲོ་སོབ་སོབ་ཏུ་འདུག དེ་ནི་དགུན་དུས་ཀྱི་ཉིན་མོ་ཞིག་སྟེ། ང་རང་ཆེས་དགའ་བའི་ཁ་བ་དང་འགྲོགས་པའི་ཉིན་མོ་ཞིག་ཡིན། དེ་ནི་དགུན་དུས་ཀྱིས་ང་ལ་གནང་བའི་སྤྲོ་སྣང་གི་ཟུར་ཙམ་ཞིག་སྟེ། འདི་ལྟ་བུའི་དགའ་སྤྲོའི་གཏམ་རྒྱུད་ནི་བརྗོད་ཀྱི་མི་ལང་ངོ་། །

དགུན་དུས་ཀྱི་ཁ་བ་ནི་འཇིག་རྟེན་སྟེང་གི་ཆེས་དཀར་ཞིང་གཙང་བ་དེ་ཡིན་ལ། ཁ་བ་ཡོད་པའི་ཁོར་ཡུག་དེ་ཡང་འཇིག་རྟེན་ཐོག་ལྟ་ན་སྡུག་ཤོས་དང་ཡིད་དུ་འོང་ཤོས་དེ་ཡིན། ང་ནི་དགུང་སྔོན་དབྱིངས་ཀྱིས་གསོལ་རས་གནང་བའི་ཁ་བའི་བྱིན་རླབས་ལ་དགའ་ཞིང་། མཛེས་སྡུག་ལྡན་པའི་ཕ་ཡུལ་གྱི་ཕང་བར་བབས་པའི་ཁ་བ་ལ་དེ་བས་ཀྱང་དགའ། ཁ་བ་ལ་དགའ་བའི་རྒྱུ་རྐྱེན་གྱིས། རང་བཞིན་གྱི་ཁ་བ་བབས་པའི་དགུན་དུས་ཀྱི་ཕ་ཡུལ་ལ་དགའ་བར་གྱུར། ཁ་བ་ནི་ང་རང་དགུན་དུས་ལ་དགའ་བའི་རྒྱུ་མཚན་གཙོ་བོ་ཡིན། མདུན་གྱི་ཀློག་པ་པོ་ཁྱེད་རང་ཁ་བ་ལ་དགའ་འམ། གཅིག་བྱས་ན་བཀྲ་ཤིས་རྟེན་འབྲེལ་མཚོན་པའི་དཀར་གཙང་གི་ཁ་བ་ལ་དགའ་བ་ནི། འཛམ་གླིང་སྐྱེ་འགྲོ་ཐུན་མོང་གི་མཐུན་ཆོས་སུ་གྱུར་ཡོད་ཀྱང་སྲིད། ཀྱེ་མ། ཁ་བ་བབས་པའི་དགུན་དུས་ལ་ད་གཟོད་དགུན་ཁ་ཞེས་པའི་འབོད་མིང་དེ་སྦྱར་རུང་བ་མ་ཡིན་ནམ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༡༤)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明