http://zw.xzqnb.cn/Content/weixinlogo.png
མདང་ནུབ་ཁ་བའི་འདབ་མ་ལྷབ་ལྷབ་ཏུ་ལྷུང་བའི་མཚན་མོ་འདིར་ང་རང་མལ་
http://zw.xzqnb.cn/m/content/2026-06/19/001837.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མདང་ནུབ་ཀྱི་རྨི་ལམ།

༄༅། །ན་མཉམ་སློབ་མར་སྐུལ་བའི་ཀ་བཤད།

༄༅། །ངའི་རོགས་པ་ཡག་ཤོས།

等待处理…

༄༅། །མདང་ནུབ་ཀྱི་རྨི་ལམ།

作者 བཀྲ་ཤིས་དཔལ་འབར།
2026年06月19日

མདང་ནུབ་ཁ་བའི་འདབ་མ་ལྷབ་ལྷབ་ཏུ་ལྷུང་བའི་མཚན་མོ་འདིར་ང་རང་མལ་ཆས་ཀྱི་ནང་དུ་འཛུལ་ནས་མགོ་སྔས་ཀྱི་སྒང་དུ་བཞག་སྟེ་ཅུང་མ་འགོར་བར་རྨི་ལམ་གྱི་ཞིང་ཁམས་སུ་འགྲིམ། རྨི་ལམ་གྱི་ཞིང་ཁམས་ན་ང་རང་མཐའ་ཡས་པའི་མུ་མེད་ཀྱི་རྩྭ་ཐང་དུ་འབྱོར་ཅིང་། སྐྱེས་སྟོབས་ཀྱི་གསོན་ཤུགས་འབར་བའི་རྩྭ་ཕྲན་རེ་རེ་ནས་གྲུབ་པའི་རྩྭ་ཐང་འདི་ནི་སྔོ་ལྗང་གི་སྤང་གདན་ཞིག་ས་གཞི་ཆེན་མོར་བཀྲམ་པ་དང་འདྲ།

ཐོག་མར་གཟུགས་འཛིན་གྱི་དབང་པོས་སྲིད་པའི་སྒྲོན་མེ་ཡི་འོད་མདངས་ཤར་ཕྱོགས་རི་བོའི་སྤོ་ནས་ཕྱེད་ཙམ་མངོན་པའི་ཕྱོགས་ལ་རྒྱང་ལྟ་ཞིག་བྱ་བ་ན་སྔོ་ཞིང་དྭངས་པའི་ཨ་སྔོན་གྱི་དབྱིངས་ན་གསེར་མདོག་ཅན་གྱི་ཚོས་གཞིས་རྒྱན་ཅིང་དེ་དང་སྔོ་ལྗང་གི་སྤང་ལྗོངས་དབར་ན་ཆེས་གསལ་བའི་དབྱེ་མཚམས་ཀྱི་དྲང་ཐིག་གཅིག་རྒྱབ་པ་དང་ཀུན་ནས་མཚུངས། དེ་ལྟར་གྱི་མཛེས་སྡུག་ལྡན་པའི་སྤང་ལྗོངས་ཀྱི་རྣམ་པར་ལོངས་སུ་སྤྱོད་བཞིན་པའི་མཚམས་དེར་འཇམ་ཞིང་དྲོ་བའི་དྲི་བཞོན་ཞིག་ལྷང་ལྷང་དུ་ལྡང་། དེའི་ཁྲོད་དུ་རི་ཀླུང་གང་སར་ཁྱབ་པའི་སྔོ་ལྗང་སྤང་ལྗོངས་ཀྱི་དྲི་ཞིམ་ཞིག་བདག་གི་དྲི་འཛིན་དབང་པོའི་དངོས་སུ་འཆར་ཡོང་སྟེ་ཡིད་སེམས་ཀུན་ལ་དགའ་ལྷང་ལྷང་གི་སྣང་བ་ཞིག་ངང་གིས་སྦྱིན་ཡོང་། སྔོ་ལྗང་གི་སྤང་ལྗོངས་སྟེང་ན་ཚོན་མདོག་རྣམ་པར་བཀྲ་བའི་མེ་ཏོག་རྣམས་ནི་བསིལ་རླུང་འདིའི་ཁྲོད་ན་མགོ་ལྕོག་ལྡེམ་ལྡེམ་ངང་ཕར་གཡོ་ཚུར་གཡོ་བྱས་ཏེ་ང་རང་ལོག་སླེབས་པར་ཕེབས་བསུ་བྱེད་བཞིན་མཆིས།

སྔོ་ལྗང་གི་སྤང་ལྗོངས་ཐོག་ན་ཨ་སྔོན་དབྱིངས་ཀྱི་སྤྲིན་དཀར་ཇི་བཞིན་འཚོ་ཞིང་གནས་པའི་གཡང་དཀར་ལུག་ཁྱུ་དག་ནི་མིག་གི་ངོས་སུ་འཆར་བའི་ཚེ། བྱིས་དུས་ཀྱི་ངས་ཆར་རླུང་གི་གདུང་བ་གདོང་གིས་བསུས་ཏེ་ཕྱུགས་རིགས་དཀར་ནག་བདག་གི་སུག་རྗེས་ལ་སྙེགས་པ་དག་དྲན་བྱུང་ལ། དེ་བཞིན་ལྷ་མོ་དབྱངས་ཅན་མའི་དབྱངས་ཀྱི་འགྱུར་ཁུག་ཇི་བཞིན་སྙན་པའི་གཡང་དཀར་ལུག་ཁྱུ་ཡི་འབའ་སྒྲ་དང་འདོ་རིགས་རྟ་ཕོ་ཡི་འཚེར་སྐད་དག་ཀྱང་དྲན་བྱུང་། ཁོ་བོས་དེ་བཞིན་སྔོ་ལྗང་གི་སྤང་ལྗོངས་འདིའི་ཐོག་དབྱར་གྱི་ཆར་བསིལ་བཞིན་བབས་མྱོང་བའི་བདེ་སྡུག་དགའ་སྐྱོ་ཡི་རང་མདངས་བཀྲ་བའི་འདས་དོན་དག་བསྐྱར་དྲན་བྱེད་བཞིན་ནག་ཅིང་སྣུམ་པའི་སྦྲ་ནག་གྲུ་བཞིར་ཕྱིར་བལྟས་ཅིག་ཙ་ན། མིག་ལམ་དུ་འཆར་བ་ནི་སྦྲ་ནག་གྲུ་བཞིའི་རྩེ་ཐོག་གི་དུ་ཁུང་ནས་ཐབ་ཀྱི་དུ་བ་གཡུ་འབྲུག་སྔོན་མོ་མཁའ་ལ་ལྡིང་བ་ལྟར་གྱི་རྣམ་པ་དེ་མངོན། ཁོ་བོས་དེའི་ཕྱོགས་སུ་ཇི་ཉེ་ཇི་ཉེར་ཕྱིན་ཏེ་སྦྲ་གུར་གྱི་ནང་དུ་འཛུལ་བ་ན་མིག་ལམ་དུ་ལྷམ་མེར་འཆར་བ་ནི་དབུ་སྐྲ་དུང་ལས་དཀར་ཞིང་ཞལ་རས་གཉེར་མའི་ཆུ་རིས་བབས་ཤིང་རབ་དཀར་དུང་གི་སོ་ཕྲེང་ཐོར་ནས་བཅུད་ལྡན་ཟས་ཀྱི་བྲོ་བ་མྱོང་མི་ཐུབ་པའི་བྱམས་བརྩེའི་ཡབ་ཡུམ་གཉིས་དང་དེ་བཞིན་གྱི་ཕུ་ནུ་མིང་སྲིང་རྣམས་བཞུགས་གྲལ་དུ་འཁོད་འདུག

ཁོང་རྣམས་ཀྱི་ཕྱག་ན་ད་གིན་བདག་གི་གཅུང་མོས་བོད་ཇ་སྲུབ་མ་ཇ་ལྟིར་ནས་རླངས་པ་འཕྱུར་འཕྱུར་དུ་བླུགས་པའི་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་ཡར་བཀྱགས་ཏེ། བདག་ལ་འཕུལ་བ་དེས་འདས་པའི་ལོ་ཟླའི་ནང་གི་བྱུང་བ་རྣམས་ལ་མནོ་བསམ་གཏོར་བཞིན་ད་ལྟའི་འགོ་བཙུགས་ནས་མཇུག་མ་རྫོགས་པའི་དུས་འདི་ཉིད་ལོངས་སུ་སྤྱོད་རྒྱུ་བྱུང་བར་བློ་ཡིད་ཚིམ་ཞིང་གལ་ཏེ་དབང་དུ་བྱུང་ན་མི་རྟག་པའི་མ་འོངས་པ་ལ་ཡང་ཡོད་ཚད་བདེ་ཞིང་སྐྱིད་པ་དང་ཚ་རུབ་རུབ་ངང་འཛོམས་རྒྱུ་ཡོང་པའི་སྨོན་ལམ་ཞུ་བའི་སྣང་བ་ཞིག་བྱུང་ངེས། ཁོང་རྣམས་ཀྱིས་སོ་སོའི་མདུན་དུ་ཡོད་པའི་ཤིང་ཕོར་ཁ་ཆེ་གཏིང་རིང་གི་ནང་དུ་དཀར་ཆུང་གངས་རིའི་མགོ་ལ། དམར་ཆུང་བྱུ་རུའི་ཕྲ་རྒྱན་བརྒྱབ་འདྲའི་ཞོ་གྲོའི་བྲོ་བ་ལོངས་སུ་སྤྱོད་བཞིན་ཕན་ཚུན་བར་ན་“ཧ་ཧུར་་་་་་་་”གྱི་འབྲོག་པའི་ཟས་མཆོག་གི་བྲོ་བ་མྱོང་བཞིན་དགའ་དགའ་སྤྲོ་སྤྲོའི་རྣམ་པ་ཞིག་རིམ་གྱི་མངོན་ཡོང་། དེ་འདྲའི་བདེ་ཞིང་སྐྱིད་པའི་རྨི་ལམ་ཁྲོད་ཀྱི་འཚོ་བ་འདི་ཞོགས་པའི་ཏིང་སྒྲ་བསྒྲགས་པའི་ཆུ་ཚོད་ཀྱིས་ཡོངས་སུ་དཀྲུགས་ནས་ང་རང་སོ་སོའི་ཆེད་དུ་འབད་དང་འབད་བཞིན་པའི་འཚོ་བ་དངོས་སུ་ཕྱིར་འཐེན་བྱས།

ངོ་མ། མ་གཞི་འདི་ནི་བདག་གི་མདང་ནུབ་ཀྱི་རྨི་ལམ་ཐུང་ངུ་ཞིག་ཡིན་རུང་འོན་ཀྱང་སྦྲ་ནག་གྲུ་བཞི་མགོ་ལ་ཕབ། སྤང་ལྗོངས་སྔོན་མོ་གདན་ལ་བཏིང་། ཕྱུགས་རིགས་དཀར་ནག་སྒོ་ལ་བཏགས་ཤིང་ཤ་མར་ཐུད་གསུམ་ཟས་སུ་སྤྱོད་པའི་འབྲོག་པའི་འཚོ་བ་ནི་ཅི་འདྲའི་ཞི་ཞིང་ལྷོད་ལ་བློ་བདེ་བག་ཕེབས་ཀྱི་འཚོ་བ་ཞིག་རེད་ཨང་། །

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博