ངའི་ཁྱིམ་ཚང་ནང་དུ་ནང་མི་བཅུ་ཙམ་ཡོད་དེ། དེའི་ནང་ནས་ང་ལ་ལྟ་རྟོགས་བྱེད་ཆེ་ཤོས་ཀྱི་མི་ཞིག་ཡོད་པ་དེ་ནི་ངའི་སྤོ་བོ་བཀྲ་ཆོས་ལགས་ཡིན། སྤོ་བོ་ཁོང་ངའི་ཆེད་དུ་དཀའ་ངལ་མང་པོ་མྱོང་ཡོད་ལ། སློབ་ཆུང་ལོ་རིམ་དང་པོ་ནས་བཞི་པ་བར་ང་ཁྱིམ་སྡོད་སློབ་མ་ཡིན་པ་དང་། ལོ་ངོ་བཞིའི་ནང་ངས་སྤོ་བོ་ལགས་ལ་དཀའ་ངལ་མང་པོ་བཟོས་ཡོད། ང་ལོ་རིམ་དང་པོའི་སྐབས་ཟ་མ་ཚང་མ་སྤོ་ལགས་ཀྱིས་ཁྱེམ་བུས་གཅུས་ཏེ་ཁ་ནང་དུ་སྟེར་རོགས་བྱེད་པ་དང་། ང་རང་སློབ་ཆུང་དུས་སུ་དབུ་མད་ཀྱི་ཡིག་གཟུགས་ཚང་མ་སྤོ་བོ་ལགས་ཀྱིས་སློབ་ཀྱི་ཡོད། སྤོ་བོ་ལགས་ཀྱི་བཀའ་དྲིན་གྱིས་ངའི་ཡིག་གཟུགས་ཀྱི་འབྲས་བུ་ཡང་ཡག་ནས་ཡག་ཏུ་སོང་། སྤོ་བོ་ལགས་ཀྱི་བཀའ་དྲིན་དེ་དག་ངའི་ངོས་ནས་ནམ་ཡང་བརྗེད་མི་སྲིད།
ང་རང་ལོ་རིམ་གསུམ་པ་ཡིན་པའི་ཉིན་ཞིག་ལ། ང་ཚོ་ཁྱིམ་སྡོད་སློབ་མ་ཚང་མ་ཕྱི་དྲོའི་སློབ་ཚན་བཞི་པ་གྲོལ་རྗེས་ཁྱིམ་དུ་ལྟོ་ཟ་བར་འགྲོ་དགོས་པས། ཉིན་དེར་སློབ་ཚན་གྲོལ་རྗེས་སྤོ་བོ་ལགས་ང་བསུ་བར་སླེབས་འདུག ནམ་རྒྱུན་ཡིན་ན་སྤོ་བོ་ལགས་ངེད་གཉིས་སློབ་གྲྭའི་རྒྱལ་སྒོའི་འགྲམ་ལ་ཟ་ཁང་ཞིག་ཡོད་པ་དེར་ཟ་མ་ཟོས་ནས་སླར་སློབ་ཁང་དུ་དགོང་ཚོགས་འཚོགས་པར་འགྲོ་གི་ཡོད་མོད། དེ་ཉིན་སྤོ་བོ་ལགས་ཀྱིས“ཟ་ཁང་སྒོ་བརྒྱབ་འདུག་པས། ཁྱིམ་དུ་ལྟོ་ཟ་བར་འགྲོ”ཞེས་བཤད། ངས་སྤོ་བོ་ལགས་ལ“ང་ད་ལྟ་ལྟོ་ཟ་དགོས་མི་འདུག དགོང་ཚོགས་གྲོལ་ཚར་རྗེས་ཟོས་ན་ཆོག”ཅེས་ཞུས་མོད། སྤོ་བོ་ལགས་ཀྱིས་ཨུ་ཚུགས་ཀྱིས“ལྟོ་མ་ཟོས་ན་ལྟོགས་ཀྱི་རེད”ཟེར། དེ་ནས་ང་སྤོ་བོ་ལགས་ཀྱི་སྦག་སྦག་གི་སྟེང་དུ་བཞག་ནས་ཁྱིམ་དུ་ཁྲིད། ཁྱིམ་དུ་སླེབས་ལ་ཉེ་བའི་ལམ་བར་དུ་སྟབས་མ་ལེགས་པར་དོན་རྐྱེན་ཞིག་བྱུང་། དེ་ནི་སྤོ་བོ་ལགས་ངེད་གཉིས་ཀྱི་སྦག་སྦག་དེ་འཁོར་ཆུང་དཀར་པོ་ཞིག་དང་རྡུང་ཁ་ཐེབས་པ་རེད། ང་རང་ས་ལ་འགྱེལ་རྗེས་མིག་འཕུར་འཕུར་ངང་སྤོ་བོ་གང་དུ་ཡོད་མེད་ཕར་ལྟ་ཚུར་ལྟ་བྱེད་སྐབས། སྤོ་བོ་ལགས་ནི་ལམ་འགྲམ་གྱི་ལྕགས་སྒྲོམ་མཚམས་སུ་འཕངས་འདུག སྐབས་དེར་མི་མང་པོ་ཞིག་སྤོ་བོ་ལགས་ཀྱི་མཐའ་སྐོར་དུ་གྲོག་མ་ལྟར་རུབ་འདུག ལ་ལས་ལྟད་མོ་བལྟས་ནས་བསྡད་འདུག ། ལ་ལས་སྤོ་བོ་ལགས་རོགས་བྱས་ནས་ཡར་སྐྱོར་གྱི་འདུག སེམས་བཟང་ཅན་གྱི་རྒྱ་རིགས་བུ་མོ་ལོ་ཉི་ཤུ་ལྷག་སླེབས་པ་ཞིག་གིས་ང་ཡར་བསླངས་ནས་རྒྱ་སྐད་ཀྱིས“ཁྱོད་སྐྱོན་མི་འདུག་གམ། སྐྱོན་མི་འདུག་གམ”ཞེས་སེམས་ཁུར་བྱས་པ་དང་། ང་ལ་སེམས་གསོ་གཏོང་གིན་སྨན་ཁང་དུ་རོགས་པ་བྱས་བྱུང་། སྤོ་བོ་ལགས་དེ་དུས་རྐང་རུས་ལ་རྨས་སྐྱོན་ཆེ་ཙམ་བཟོས་འདུག རྡུང་ཁ་རྒྱག་མཁན་གྱི་རྒྱ་རིགས་དེ་ནི་དངངས་སྐྲག་སྐྱེས་པའམ་ཞེད་པ་ཅི་ཆ་སྟེ། ང་ཚོ་དང་ལྷན་དུ་རླངས་འཁོར་བཏང་ནས་ཡར་འགྲོ་མར་འགྲོ་བྱེད་པ་ལས་མོ་ཊའི་ནང་ནས་འབབ་ཀྱི་མི་འདུག དེ་ཕལ་ཆེར་ཁྱིམ་ཚང་ཆ་རྐྱེན་དེ་ཙམ་མེད་པའི་མི་ཞིག་ཡིན་པ་འདྲ། ཁོ་སྨན་རིན་མང་པོ་སྤྲོད་རྒྱུ་མེད་པས་ངའི་ཨ་ཕས་སྨན་རིན་ཕྱེད་ཀ་བཏོན་པ་རེད། རྒྱ་རིགས་དེའི་ངོ་གདོང་ལས་གཞི་ནས་འཛུམ་དམུལ་དམུལ་གྱི་མདོག་ཅིག་བསྟན་པ་དང་། “ཡག་བྱུང་། ཡག་བྱུང”ཞེས་མཚམས་མི་ཆད་པར་ཤོད། ཉིན་མོ་དེ་ནི་ང་དང་སྤོ་བོ་ལགས་གཉིས་ཀྱི་ངོས་ནས་བཤད་ན་བཀྲ་མ་ཤིས་པའི་དུས་ཤིག་ལ་བརྩི་ཆོག །ང་རང་དོན་དེའི་ཆེད་དུ་མི་སྐྱིད་པ་ཞེ་དྲག་བྱས་བྱུང་། གལ་སྲིད་ང་མེད་ན་སྤོ་བོ་ལགས་ངེད་གཉིས་ལ་གནས་ཚུལ་དེ་འདྲ་ལྷག་མི་སྲིད་ཅིང་། རང་སྲོག་ཤོར་ཉེན་ཡོད་པའི་བར་ཆད་དེ་འདྲ་འབྱུང་ག་ལ་སྲིད། ང་རང་གིས་རང་ལ་ཞེ་སྡང་ཆེན་པོ་ལངས། ཉིན་མོ་དེ་ནི་ངའི་ངོས་ནས་མི་ཚེ་འདིའི་ཆེས་བརྗེད་པར་དཀའ་བའི་མུན་ནག་གི་ཉི་མོ་ཞིག་རེད་ཟེར་ཆོག
ངའི་སྤོ་བོ་ལགས་ནི་ངའི་མི་ཚེའི་ནང་ང་ལ་ལམ་སྣེ་འཁྲིད་མཁན་ཞིག་ཡིན་ལ། ངའི་དཀའ་སྡུག་གི་མུན་ནག་ཁྲོད་དུ་འོད་སྟོང་གི་སྒྲོན་མེ་སྤར་མཁན་ལྟ་བུ་ཞིག་ཀྱང་ཡིན། ངའི་སྤོ་བོ་ལགས་ཁྱེད་རང་ནད་མེད་ཚེ་རིང་ཡོང་བ་དང་། ལོ་བརྒྱ་གསོན་པའི་བཀྲ་ཤིས་སྨོན་འདུན་ཞུའོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)
ཟུར་ཁྲིད་དགེ་རྒན། དགའ་བཟང་།


