ཆུ་ཕྲན་ལ་རྒྱ་མཚོ་དང་འདྲ་བའི་རིན་ཆེན་བང་མཛོད་མི་ལྡན་ལ། མཚོ་མོ་འདྲ་བའི་མཛེས་ཉམས་ཀྱི་བཞིན་རས་དེ་བས་མེད། ང་ནི་མཐོ་བའི་རྫ་རིའི་གསེང་དང་སྤངས་རིའི་འདབས། ཚང་ཚིང་ནགས་ཚལ་བཅས་སོགས་ལས་བཞུར་ཞིང་། གཡང་གཟར་གྲོག་རོང་ནས་དུས་དང་རྣམ་པ་ཀུན་ཏུ་ལྷུང་ལྷུང་དུ་བབས་པའི་དྭངས་གསལ་དྲི་མེད་ཀྱི་ཆུ་ཕྲན་ཞིག་ལགས། ཡིན་ནའང་ཆུ་ཕྲན་ངས་འགྲོ་བའི་འཚོ་གནས་དང་རྩྭ་རྩི་ཤིང་སྐྱེ་དངོས་ཡོད་ཚད་ཀྱི་ཆེད་དུ་བློ་ཆད་ཡིད་ཐང་ལས་རྒྱལ་ཏེ། གཡང་གཟར་གྲོག་རོང་གི་འཇིགས་པ་གཡས་སུ་སྐྱུར་ལ། རྒྱ་གྱུའི་ལམ་འཕྲང་དང་སྐམ་ཤས་ཐན་པའི་དཀའ་བ་གཡོན་དུ་གཡུགས་ནས། དཀའ་སྡུག་གདོང་བླངས་དང་ངལ་བ་ཁྱད་བསད་ཀྱིས་ཆུ་ཐིགས་རེ་རེ་འདྲེས་ནས་ལང་ཚོ་རྒྱས་པར་བྱས་ལ། ལང་ཚོ་རྒྱས་རྗེས་ཆུ་ཕྲན་ངས་བློ་ཁེངས་ཡིད་ཚིམས་ཀྱིས་མ་བསྡད་པར། ངའི་ཕ་མེས་ཀྱིས་འདྲུད་པའི་འཕྲང་ལམ་རིང་པོར་ཞུགས་ཤིང་། འཁོར་བའི་ཡུལ་གྲུ་གང་སར་ཚེ་སྲོག་གི་སྒྲུབ་ཆ་བསྐྲུན་ནས་སྔར་མེད་ཀྱི་དཔལ་ཡོན་རབ་ཏུ་རྒྱས་སུ་བཅུག་ཡོད་ལ། ཆུ་ཕྲན་རང་ཉིད་ཀྱི་དྭངས་གསལ་བཞིན་རས་བཞིན་གྱ་གྱུའི་འགྲོས་དང་ལྷུང་ལྷུང་གི་ཆུ་སྒྲས་སྐྱེ་དངོས་ཡོད་ཚད་ལ་བཀྲེས་སྒོམ་གྱི་གདུང་བ་སེལ་ཡོད་ཅིང་། ཚ་གདུང་གི་གདུང་བ་ཡང་འཇོམས་ཡོད། དེ་བས་མ་ཚད་ཆུ་ཕྲན་ང་ལ་ཉོན་མོངས་དུག་གསུམ་དང་བྲལ་བས། རྟག་ཏུ་རྒྱ་མཚོ་དང་གཙང་པོ་རྒྱུགས་ཆུ་རྫིང་ཆུ་བཅས་སོགས་ཀྱི་ནང་དུ་ཉ་ཆུང་གསེར་མིག་ནས་གཙོས་པའི་ཆུ་ནང་སྲོག་ཆགས་དང་འགྲོག་ནས་ཡོངས་སུ་ཁེངས་པའི་ཁོར་ཡུག་གི་རེ་བ་དང་དགོས་མཁོ་བཞིན། བདུད་རྩིའི་ཡོན་ཆབ་སྟེར་རྒྱུར་དགའ་ལ། སེམས་ཅན་ཀུན་གྱི་ཁྲག་རྩའི་བར་རྒྱུགས་ཤིང་སྲོག་ལྡན་ནད་བཅོས་སྟོབས་ཤུགས་ལ་དེ་བས་ལེགས་སྐྱེས་འབུལ། འགྲོ་བ་མིའི་རིགས་ཁྱེད་ཚོས་ཤེས་བསམ། ང་ཡི་ཆུ་ཐིགས་རེ་རེ་ནང་ཡུལ་ལྗོངས་ཀྱི་རི་མོ་བརྐོས་ཡོད་ལ། ཟེགས་མ་རེ་རེ་ནང་སྙིང་སྟོབས་ཀྱི་མེ་ལྕེ་འབར་བཞིན་ཡོད། ང་ནི་ གཞན་ཕན་འཚོ་ཕྱིར་བློས་གཏོང་གིས་སྒྲུབ་ཆ་དང་བདེ་སྐྱིད་ཀྱི་ཆེད་དུ་དེ་བས་འབད་པའང་བྱེད་ནུས། ངའི་ཕྲག་སྟེང་དུ་འཁེལ་བའི་སྲོག་ལྡན་ཀུན་གྱི་མ་ཡུམ་བྱེད་ལ། ང་ནི་མིང་མེད་ཀྱི་དཔའ་བོ་ཞིག་དང་མཚུངས་པར་སྙིགས་བྲལ་ཡན་ལག་བརྒྱད་ལྡན་གྱི་ཆུ་ཕྲན་ཞིག་ཡིན་ལགས། ཕུ་ནགས་ཚལ་ང་ཡི་ཁྱིམ་ཡིན་ལ། མདའ་སྤང་ཐང་ང་ཡི་རྩེད་ར་ཡིན། ཡར་འདབ་ཆགས་ཀྱི་ཚོགས་དང་མར་སྡེར་ཆགས་ཀྱི་གཅན་གཟན། བར་རྨིག་ཆགས་ཀྱི་རི་དྭགས་ཁྱུ་དང་ཁྱུ་ཡིས་བསུ་བ་དང་སྡོད་རོགས་མཉམ་གནས་བྱེད་ལ། ཚང་ཚིང་ནེའུ་གསིང་རྣམས་ཀྱིས་གཙང་སེལ་ཡང་བྱེད། ཡིན་ན་ཡང་དེ་ནི་འདས་ཟིན་པའི་ལོ་རྒྱུས་ཤིག་ཁོ་ན་ལགས། ད་ལྟའི་དུས་རབས་ཉེར་གཅིག་ཏུ་ཇ་ལན་ཆུ་འཇལ་བཞིན་དུ་བྱ་བཞིན། ཁྱེད་ཚོ་གཟིགས་དང་། དཀར་དམར་ཁྲ་གསུམ་གྱི་གད་སྙིགས། དུ་ནག་རྡུལ་ཕྲན་གྱི་ཡོལ་བ། བཙོག་ཅིང་དྲི་ངན་ཁ་བའི་འཁྱིལ་ཆུ། མིའི་རིགས་ཀྱི་ཚེ་སྲོག་ལ་ཤི་གསོན་གྱི་ཐ་ཚིག་ཞིག་ཀྱང་གྲགས་བྱུང་ལ། ཁ་སང་གི་དཀར་དམར་ལྡན་པའི་བཞིན་རས་དེ་རིང་མདོག་འགྱུར་སྐྱུག་བྲོ་ཡང་སྦྱིན་པར་བྱེད། གསན་དང་ཆལ་ཆིལ་གྱི་རླབས་སྒྲ། ཆུ་ཕྲན་ང་ཡི་ངུ་སྒྲ་ཡིན། ལང་ལོང་དུ་འཕྱུར་བའི་རླབས་ཕྲེང་ནི་ཆུ་ཕྲན་ང་ཡི་ཁྲོ་གཉེར་ཡིན། ད་དུང་མ་འོངས་པའི་རང་བྱུང་འཇིགས་པར་དེ་བས་སྔོན་དཔག་བྱེད་ཐུབ། མདོར་ན་འགྲོ་བ་མིའི་རིགས་དང་རང་བྱུང་ཁམས་ཀྱི་སྐྱེ་དངོས་ཡོད་ཚད་ནི་ཆུ་ཕྲན་ང་ཡི་ལས་དབང་དང་འདྲེས་ནས་ཡོད་དོ། །


