西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཨ་ཕ། ༄༅། །ངའི་སྤོ་བོ་ལགས། ༄༅། །ཆུ་ཕྲན་གྱི་ལེགས་སྐྱེས།

放大 缩小 默认

༄༅། །ཨ་ཕ།

□ 作者 བཀྲ་ཤིས་དཔལ་འབར།

དབུ་སྐྲ་དུང་ལས་དཀར་ལ་ཞལ་རས་གཉེར་མའི་ཆུ་རིས་ལྟར་བཞིན་རབ་དཀར་དུང་གི་སོ་ཕྲེང་ཐོར་ནས་བཅུད་ལྡན་ཟས་ཀྱི་བྲོ་བ་མྱོང་མི་ཐུབ་པ་གྱུར་ནས། ད་ཆ་སྒོ་འགྲམ་གྱི་རྐུབ་སྟེགས་ཀྱི་སྟེང་དུ་བཞུགས་པའི་རྒན་རྒོན་ཁོང་ནི་བདག་གི་ཨ་ཕ་ཡིན།

ཨ་ཕ་ལགས། བྱིས་དུས་ཀྱི་ངའི་བློ་ངོས་སུ་ཁྱེད་ནི་བཀའ་མོལ་མང་པོ་གསུངས་རྒྱུར་དགའ་པོ་མེད་མོད། འོན་ཀྱང་ཁྱེད་ཀྱི་ཕྲག་སྟེང་དུ་ཡོད་པའི་འགན་འཁྲི་བརྟན་པོ་ཞིག་ཡིད་ལ་བཅངས་ནས་སྒོ་ཡི་ཕྱི་ནང་གི་ཕྱག་ལས་ཆེ་ཆུང་མེད་པར་ཚང་མ་གཟབ་གཟབ་ལྷིང་ལྷིང་དང་ཞིབ་ཅིང་ཕྲ་བའི་ངང་ནས་གནང་སྟེ། མི་རྣམས་ཀྱིས་བསྟོད་བསྔགས་ཀྱི་མཐེ་བོང་མཁའ་ལ་བཏེགས་ནས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཕུལ་བ་དག་དྲན་གསོས་སྐབས་བུ་ཕྲུག་གི་སེམས་པའི་ངོས་སུ་བརྗོད་མི་ཤེས་པའི་སྤོབས་པ་ཞིག་སྐྱེས་ཡོང་ལ་དེ་བཞིན་བདག་གི་བློ་ངོར་ཁྱེད་ནི་ནམ་ཡང་གངས་རི་ཇི་བཞིན་བརྗིད་ཉམས་ལྡན་ལ་ངང་རྒྱུད་ནི་ཆུ་མོ་ཇི་བཞིན་རིང་། དེ་བས་ཁྱེད་ནི་ངེད་ཚོའི་རང་ཁྱིམ་དྲོད་མོའི་ནང་མི་རྣམས་ཀྱི་ཡིད་རྟོན་བྱ་སའི་དྲོ་སྐྱིད་ཀྱི་རྒྱབ་རྟེན་ཉག་གཅིག་དེ་ཡིན་ལ། ཁྱིམ་ཚང་གི་འགན་འཁྲི་ཕྲག་ཏུ་འཁུར་ནས་འཚོ་བའི་དཀའ་ངལ་སྣ་ཚོགས་གདོང་གིས་བསུས་མྱོང་བའི་ཀ་བ་ལྟ་བུ་དེ་ཡང་ཡིན།

ཨ་ཕ་ལགས། ཁྱེད་ལ་གངས་ལྗོངས་ས་མཐོའི་འབྲོག་ཁུལ་གྱི་རྒན་རྒོན་ཚོ་དང་འདྲ་བར་གདོང་མདོག་ཤ་རྩི་ཅུང་ནག་ཅིང་སྣུམ་པ་ཞིག་ཡོད། དེ་ནི་ཁྱེད་ཀྱི་སྔར་སོང་གི་ལོ་ཟླའི་ནང་ན་དུས་ཚིགས་ཀྱི་དབྱེ་མཚམས་མེད་པར་ཉིན་ནས་ཉིན། ཟླ་ནས་ཟླ། ལོ་ནས་ལོ་བར་མཐའ་ཡས་པའི་མུ་མེད་ཀྱི་རྩྭ་ཐང་ཐོག་ཏུ་ཁ་བ་བུ་ཡུག་དང་ཆར་རླུང་གི་གདུང་བ་གདོང་གིས་བསུས་ཏེ་ཕྱུགས་རིགས་དག་གི་སུག་རྗེས་ལ་སྙེགས་ནས། རང་ཁྱིམ་དྲོད་མོའི་ནང་མི་རྣམས་ཀྱི་ཟས་གོས་གཏམ་གསུམ་གྱི་ཆེད་དུ་དཀའ་བ་གྲངས་མེད་སྤྱད་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཡིན་ལ་དེ་བས་ཀྱང་ལོ་ཟླས་ངེད་བུ་ཕྲུག་ཚོར་བཏང་བའི་ཅོང་བརྡ་ཞིག་ཀྱང་ཡིན། ཁྱེད་ཀྱི་བབ་ཅིང་བརླིང་བའི་གོམས་སྟབས་ནས་འབྲོག་པའི་བུ་ཕྲུག་ཁོ་ནར་ཡོད་པའི་རང་གཤིས་ཤིག་མངོན་ཡོང་། དེ་ནི་ཨ་གསར་དང་རྫུན་བག་གིས་མ་བསླུས་ཤིང་རྣམ་དག་གི་བརྩེ་བ་དཀར་པོ་ནོར་གྱི་བྲན་དུ་མ་འགྱུར་བར་ཧ་ཅང་དྭངས་གཙང་གི་བསམ་པ་མཐོ་སྒང་གི་འབྲོག་ཁུལ་དུ་ཡོད་པའི་རྩྭ་ཐང་དང་མེ་ཏོག་ཁོ་ནར་དབང་བའི་རང་གཤིས་ཤིག་ཡིན།

ཨ་ཕ་ལགས། ད་ཆ་ཁྱེད་ལུས་ཀྱི་འབྱུང་བ་ཉམས་ནས་སྔར་མུས་བཞིན་ཞབས་ཀྱི་ས་མནན་ནས་མཐའ་ཡས་པའི་རྩྭ་ཐང་གི་ཐོག་ཏུ་ཕྱུགས་རིགས་དཀར་ནག་བདག་གི་སུག་རྗེས་ལ་སྙེགས་མི་ཐུབ་ལ་ཕྱག་ཀྱི་གནམ་བཏེག་སྟེ་མུ་མཐུད་ནས་ཁྱིམ་ཚང་སྐྱོང་བའི་བསམ་པ་ཡོད་ཀྱང་ལུས་ཀྱིས་མི་བཟོད་པ་གྱུར་ཟིན། འོན་ཀྱང་ཨ་ཕ་ལགས། ཁྱེད་ཐུགས་སེམས་སྐྱོ་མི་དགོས་ད་ཆ་ངེད་བུ་ཕྲུག་ཚོ་ནར་སོན་པས་ཕ་རྒྱུད་བུ་ཡི་འཛིན་ཞེས་པའི་དཔེ་ལྟར་ངེད་ཚོས་ཁྱེད་ཀྱི་རྗེས་སུ་དྲངས་ནས་འབྱུང་འགྱུར་ཕུགས་འདུན་གྱི་སླད་དུ་བརྩོན་པ་ལྷུར་དུ་ལེན་ཞིང་། ཨ་ཕ་ཁྱེད་དང་འདྲ་བར་ཡོད་ཚད་ལ་བརྩེ་བས་ཁེངས་པའི་མི་ཞིག་བྱེད་པར་འབད་ངེས་ཡིན། །

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明