གངས་ལྗོངས་ཀྱི་དཔའ་རྒོད། རྒྱལ་བཟང་བསོད་ནམས་དར་རྒྱས་ལགས། ཁྱེད་ཀྱི་སྙན་གྲགས་ཀྱི་བ་དན་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ན་གཡོ་ཞིང་། འཛམ་གླིང་གི་སྒལ་ཚིགས་ཞེས་འབོད་པའི་མདོ་དབུས་མཐོ་སྒང་ན་ཁྱེད་ཀྱི་ཞབས་ཟུང་གི་དན་རྟགས་གང་སར་གསལ་ལ། ཁྱེད་ཀྱི་གཞན་ཕན་གྱི་ཆེད་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་གནང་བའི་སྙིང་སྟོབས་དེར་མི་གུས་སུ་ཞིག་མཆིས།
ལོ་ཟླའི་ཆར་རླུང་གིས་ཁྱེད་ཀྱི་ཞུམ་མེད་ཀྱི་སྤོབས་པ་གཡོ་མ་ཐུབ་ལ། བརྐུས་རྔོན་བྱེད་མཁན་གྱི་གདུག་རྩུབ་ཀྱིས་ཁྱེད་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་བསྐུལ་སློང་སྒུལ་མ་ཐུབ་ལ། ཁྱེད་ཀྱིས་ནག་འཐིབས་སེ་ཡོད་པའི་མེ་མདའི་ཁ་ནས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་གྲངས་མེད་ཅིག་བསྐྱབས་མྱོང་བས། ཁྱེད་དང་རི་སྐྱེས་སྲོག་ཆགས་དབར་ནམ་ཡང་བརྗེད་ཐབས་བྲལ་བའི་བརྩེ་བ་དམིགས་བསལ་ཞིག་གིས་ཕྱུག་ཡོད་དེ། ཁྱེད་ནི་རི་སྐྱེས་སྲོག་ཆགས་དེ་དག་གི་ཕ་མ་ལྟ་བུ་ཞིག་དང་མཚུངས་པས། གཙོད་ཕྲུག་གི་འབའ་སྒྲ་རེ་རེ་ནི་ཁྱེད་ཀྱི་བུ་ཕྲུག་གི་ངུ་སྐད་ནང་བཞིན་ནམ་ཡང་ཁྱེད་ཀྱི་རྨི་ལམ་དུ་ཡང་ཡང་འཁོར་རོ། །
ཁྱེད་ཀྱིས་གཞོན་དུས་ཀྱི་ལང་ཚོ་དང་སྤྲོ་སྐྱིད་ཡོད་ཚད་བསྐྱུར་ནས་གྲང་རླུང་འུར་འུར་དུ་ལྡང་ཞིང་། ཉི་ཟེར་དང་ཁ་བ་བུ་ཡུག་འཚུབ་པའི་ཨ་ཆེན་གངས་རྒྱབ་ཏུ་ཆེས་སྙིང་དུ་སྡུག་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ཆེད་དུ་རང་སྲོག་དམར་པོ་བློས་བཏང་།
རེད་ཡཱ། ཁྱེད་ཀྱི་ཡིད་སེམས་ཀྱི་དྭངས་མ་དཀར་པོས་ཡངས་ཤིང་མུ་མཐའ་མེད་པའི་ཐང་ཆེན་འདིར་གཟི་བྱིན་བསྣན་ཞིང་། ཁྱེད་ཀྱི་སྙིང་ཁོང་གི་ཁྲག་དྲོན་དམར་པོས་རི་སྐྱེས་སྲོག་ཆགས་བརྐུས་རྔོན་བྱེད་མཁན་དག་ལ་ཐ་ཚིག་དྲག་པོ་བསྒྲགས། རྒྱས་བཟང་བསོད་ནམས་དར་རྒྱས་ལགས། ཁྱེད་རང་དངོས་གནས་གངས་ལྗོངས་ཀྱི་དཔའ་རྒོད་ངོ་མ་ཞིག་རེད། །


