ང་མི་དེ་དང་ལས་དབང་གིས་མཉམ་དུ་འཕྲད་པ་ནས་བཟུང་། ནར་སོན་པའི་ལམ་བུའི་ཐོག་ཏུ་ངེད་གཉིས་ལྷན་དུ་ཡོང་བ་ཡིན། ཁྱིམ་ཚང་ནང་ལ་ཇ་ཚ་པོ་ཞིག་འོ་མ་དང་ལྷན་དུ་བསྲེས་ནས་རྟག་པར་ང་ལ་སྲིང་མཁན་དེ་བདག་གི་ཨ་མ་ཡིན་ཞིང་། དེས་ང་ལ་རང་ཉིད་ལ་དབང་བའི་ཚེ་སྲོག་སྦྱིན་གནང་མཁན་ཡང་ཡིན།
སྐྱེས་ནས་ད་བར་དུ་མི་དེས་རང་ཉིད་ཁོ་ནའི་དཔའ་ངར་གྱི་དཔུང་པ་གཉིས་ལ་བརྟེན་ནས་ང་རང་པང་དུ་བླངས་པ་དང་། དེ་ནས་ལག་ཁྲིད་རྒྱག་པ། གོམ་པ་སྤོ་ཤེས་ནས་རིམ་པས་རྒྱུག་ཤར་གློད་པ། ཐག་མཆོང་རྩེད་པ་སོགས་ཀྱི་རྩེ་མོ་བརྩེ་བའི་བར་དུ་ངའི་ལས་དབང་ཁོང་དང་དམ་དུ་འབྲེལ་ཡོད་ལ་ངའི་འཚོ་བ་ལའང་ཁོང་གི་དྲོད་ཁོལ་གྱིས་ཁྱབ་ཡོད།
ཆུང་ངུའི་དུས་ནས་བྱམས་བརྩེའི་ཁ་ཏ་གནང་ནས་ཁ་འཚོ་མིག་འཚོ་གནང་བས། ང་རང་མི་གཞན་དང་འདྲ་བར་བདེ་ཐང་ངང་འཚར་ལོངས་བྱུང་བ་མ་ཟད། ཅི་ཐུབ་ཀྱིས་ང་ལ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་བསྐྲུན་ཐབས་གནང་བྱུང་།
སློབ་ལོ་ལོན་པ་ནས་བཟུང་། ཁོང་གིས་ངའི་མདུན་ལམ་དང་མ་འོངས་ལ་དམིགས་ནས་ན་མཉམ་སློབ་གྲོགས་གཞན་ཚོ་དང་འདྲ་བར་ཤེས་རིག་སྦྱོང་བའི་ལྡིང་ཁང་དུ་བསྐྱལ། དུས་དེ་ནས་བཟུང་ངས་མི་ཞིག་ཡིན་ན་ཡོན་ཏན་དང་ལྡན་པ་ཞིག་བྱེད་དགོས་པའི་གནས་ལུགས་དེ་ཤེས་པས། དཀའ་སྤྱད་འབད་བརྩོན་བརྒྱུད་ནས་ད་བར་གྲུབ་འབྲས་ཀྱང་ལེགས་ཙམ་ཐོབ་བྱུང་།
བདེ་ཐང་ཅན་གྱི་ལུས་པོ་དང་། ཅུང་ཟད་ལེགས་པའི་འབྲས་བུ་འདི་དག་ཡོད་ཚད་ཀྱི་ལྟག་རྒྱབ་ན་སྐྱེ་བོ་བཀའ་དྲིན་ཅན་ཞིག་གི་ཐང་ལྷོད་མེད་པའི་རྒྱབ་སྐྱོར་ཡོད། དེ་ནི་ཤོད་མ་དགོས་པར་བདག་གི་དྲིན་ཆེན་མ་ཡུམ་ཡིན། ཤོད་སྲོལ་ལ་མ་ཡུམ་ནི་རི་བོ་ཞིག་དང་མཚུངས་ཟེར། དེ་ནི་ལྷིང་བརྗིད་ཀྱི་ཇོ་བོ་གླང་མ་ལྟ་བུ་ཡིན་ལ། རྟག་ཏུ་བྱམས་དང་བརྩེ་བས་སྙོར་བས་ང་ཚོའི་ཆེས་འགྱུར་བ་མེད་པའི་སེམས་ཀྱི་བརྟེན་ས་དེ་ཡིན། མི་ལ་ལས་མ་ཡུམ་ནི་ཆུ་བོ་ཞིག་ཡིན་ཟེར། དེས་རང་གི་ཕྲུ་གུར་བཅངས་པའི་བརྩེ་བ་ནི་རྒྱུན་མི་ཆད་པ་ཞིག་ཡིན་པ་མཚོན། ངས་རང་ཉིད་ཀྱི་ཨ་མ་ནི“ཐག་པ”ཞིག་ལ་དཔེ་སྦྱར་བར་འདོད་དེ། ང་ནི་ཐག་པ་དེའི་སྣེ་མོར་བསྐོར་བའི་གྲུ་གཟིངས་ཞིག་དང་མཚུངས་ཤིང་། ནམ་ཡང་ངའི་མི་ཚེའི་རྒྱང་བསྐྱོད་ཀྱི་ལམ་བུའི་ཐོག་ཏུ་ས་སྣ་ལམ་ཁྲིད་བྱེད་ཀྱི་ཡོད།
ང་རང་རིམ་བཞིན་ནར་སོན་པ་དང་། ངས་འདི་ལྟར་སྙམ་སྟེ་ཁོང་ཉིད་བདག་གི་མ་ཡུམ་དུ་གྱུར་པ་ནས་བཟུང་། ཡུམ་གྱི་ལྡེམ་ལ་འདྲོངས་པའི་སྒལ་གཞུང་དེ་ག་ལེར་ཐུར་དུ་གུག་སོང་བ་འདྲ། དེའི་རྒྱུ་མཚན་ནི་ཨ་མས་དུས་དེ་ནས་བཟུང་རང་དབང་ལྡན་པའི་མི་སྒེར་གྱི་འཚོ་བ་དེ་བསྐྱུར་ནས་རང་གི་ཤ་ལས་མཆེད་པའི་ཕྲུ་གུ་ཆུང་ངུ་དེ་དམའ་དམའ་ཞུམ་ཞུམ་གྱིས་སྙོར་སྐྱོང་བྱེད་དགོས་པས་སོ། །ལུས་པོ་སྒུར་བ་ཙམ་མིན་པར་ལུས་ཀྱི་ཟུངས་ཤོར་ཞིང་བཞིན་གྱི་མདངས་ཀྱང་རིམ་བཞིན་ཉམས་འགོ་ཚུགས། སྣག་ཅིང་སྣུམ་པའི་སྐྲ་ལོའི་གསེང་ན་ཁ་དོག་དུང་ལྟར་དཀར་བའི་སྐྲ་ཡི་ཉག་མ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། དེ་ནི་བུ་རྒྱུད་སྐྱོང་རྒྱུའི་དཀའ་སྡུག་གི་རྔུལ་ནག་འགྲིམ་ཤུལ་ཡིན།
སྐབས་སྐབས་སུ་ངས་ཨ་མར་“ཁྱེད་རང་ངའི་ཆེད་དུ་ཐུགས་ཁྲལ་ཞེ་དྲག་མ་གནང”ཞེས་ཤོད་སྐབས། ཁོང་གིས“ང་སྐྱོན་མི་འདུག ཁྱོད་ནར་སོན་ནས་ཆེན་པོ་ཆགས་ཆགས་བར་དང་། ཐ་ན་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཚུགས་ཐུབ་པའི་བར་དུ་ངས་ལྟ་སྐྱོང་བྱེད་ངེས་ཡིན”ཞེས་གསུང་གི་ཡོད།
དེ་ནི་ལོས་བདེན་ཏེ། ཨ་མ་ངེད་གཉིས་བར་ལ་ནམ་ཡང་ཆད་རྒྱུ་མེད་པའི་འཛིན་ཐག་ཅིག་གིས་དམ་དུ་སྦྲེལ་ཡོད་ཅིང་། འཛིན་ཐག་གི་སྣེ་མོ་གཅིག་ཨ་མའི་སྙིང་ཁོང་རུས་པའི་དཀྱིལ་ལ་བཏགས་ཡོད། ང་རང་ས་ཕྱོགས་གང་དུ་སླེབས་རུང་། ང་རང་ལོ་ན་སོན་རུང་། ཨ་མའི་ཞེ་བསམ་པའི་གཏིང་རིམ་ནས་བརྐྱངས་ཡོང་བའི་ཐག་པ་དེ་ནི་ནམ་ཡང་ང་རང་ལམ་ཕྱོགས་མ་ནོར་བར་བསྒྱུར་བའི་སྲབ་མདའ་ཞིག་དང་མཚུངས། འཇིག་རྟེན་འདིར་ང་ལ་བརྩེ་བ་ཆེ་ཤོས་གནང་མཁན་ཨ་མ་ལས་ཡོད་མི་སྲིད་པས། ངས་ཐག་སྣེ་དེ་ནམ་ཡང་རང་གི་ལག་ནང་ན་དམ་པོར་འཛིན་འདོད། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)
ཟུར་ཁྲིད་དགེ་རྒན། དགའ་བཟང་།


