ལོ་རེའི་སྤྱི་ཟླ་3པའི་ཚེས་28ཉིན་ནི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ལོ་ངོ་དུ་མའི་སྨག་རུམ་མུན་པའི་ཁྲོད་ནས་ཡར་ལངས་བཅིངས་འགྲོལ་ཐོབ་བའི་དགའ་སྤྲོའི་དྲན་གསོའི་ཉིན་མོ་ཞིག་ཡིན།
དེ་ཡང་ཐོག་མར་སྤྱི་ལོ་1959ལོའི་ཟླ་3པའི་ཚེས་28ཉིན་ནི་དམངས་གཙོ་་བཅོས་སྒྱུར་གྱི་འབོད་སྒྲ་དཔྱིད་ཀྱི་རྒྱལ་མོའི་སྙན་དབྱངས་ཇི་བཞིན་གངས་ལྗོངས་ས་མཐོར་གྲགས་པ་དང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་རྩ་བ་ཡོངས་སུ་བཅད་ནས། བོད་མི་ཁྲི་ཚོ་བརྒྱར་ཞིང་བྲན་ལོ་ངོ་སྟོང་གི་རིང་བརྒྱབ་པའི་ལྕགས་སྒྲོག་ལས་སྒྲོལ་ཏེ་རང་ལུས་རང་དབང་དང་རང་ཉིད་ཀྱི་ལས་དབང་ཁ་ལོ་བསྒྱུར་བའི་བདག་དབང་ཐོབ། འདི་འདྲའི་རླབས་ཆེན་གྱི་དམངས་གཙོ་བཅོས་སྒྱུར་གྱི་བྱ་གཞག་དེས་གདུག་རྩུབ་ཆེ་བའི་གཉའ་གནོན་དང་མུན་ནག་གི་དབང་བསྒྱུར་དག་ཚར་བཅད་ནས་རང་ལུས་རང་དབང་སྦྱིན་པས། མི་དམངས་རྣམས་ཀྱི་ཞལ་ནས་དགའ་བའི་འཛུམ་མདངས་འཕྱུར་ཞིང་བོད་ལྗོངས་ས་མཐོར་ཡང་ལོ་རྒྱུས་ཐོག་གི་ཆེས་རླབས་ཆེ་བའི་སྤྱི་ཚོགས་འཕོ་འགྱུར་གྱི་སྒོ་མོ་ཕྱེ།
ད་ཆ་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་སྲིད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྣེ་ཁྲིད་འོག་བོད་དུ་ཁོད་སྙོམས་ལ་ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་གི་གཞུང་ལམ་ནི་དར་སྐུད་རིང་པོ་ཞིག་ལྟར་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་ཡོད་ལ་དེ་བཞིན་དེང་དུས་ཅན་གྱི་ཁང་བཟང་ནོར་བུའི་བ་གམ་ཅན་ནི་ནམ་མཁའི་སྐར་ཚོགས་ཇི་བཞིན་གྲངས་ཀྱི་མི་ལང་། དེ་མིན་གྱི་སློབ་གསོའི་ཐད་ནས་བརྗོད་ན་ཡང་བོད་ལྗོངས་ས་མཐོར་ཏང་དང་མེས་རྒྱལ་གྱིས་དམིགས་གསལ་གྱི་གཟིགས་སྐྱོང་གནང་སྟེ་ལོ་དགུའི་འོས་འགན་སློབ་གསོའི་རྩ་ཁྲིམས་སྤྱད་དེ། ཞིང་འབྲོག་མང་ཚོགས་རྣམས་ཀྱི་བུ་ཕྲུག་དག་སློབ་ཡོན་གང་ཡང་མི་དགོས་པར་སློབ་གླིང་གི་སྐྱིད་ཚལ་འགྲིམས་ནས་ཡིག་རྨོངས་སེལ་བའི་སྐལ་བཟང་སོགས་ཐོབ་སྟེ། གངས་ལྗོངས་ས་མཐོར་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་སྦྱིན་པས་ང་ཚོས་དེ་བཞིན་སྔར་སོང་གི་ཞིང་བྲན་ལོ་རྒྱུས་ལ་ཕྱིར་བལྟས་བྱ་ནས་ཏང་དང་མེས་རྒྱལ་གྱི་བཀའ་དྲིན་ཚོར་བ་དང་བཀའ་དྲིན་མི་བརྗེད་པ་བྱ་དགོས་ངེས་ཡིན།
ང་ཚོས་འདས་ཟིན་པའི་ལོ་རྒྱུས་ལ་ཞིབ་ལྟ་བྱ་ནས་བློ་བརྟན་འགྱུར་མེད་ཀྱི་ངང་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཡིད་ལ་བརྟན་པོ་བཅངས་ནས། མི་རིགས་དང་མི་རིགས་ཕན་ཚུན་དབར་ལག་གདང་སྦྲེལ་ནས་བོད་ལྗོངས་ཀྱི་ལེའུ་གསར་པ་གཏོད་དེ། གངས་ལྗོངས་ས་མཐོའི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་དང་གངས་ལྗོས་ཀྱི་ལང་ཚོ་གསར་པ་དེ་བས་ལེགས་པ་གཏོད་དགོས། །


