དུས་ཚོད་ནི་ཆུ་མོ་དང་འདྲ་བར་ཕྱིར་ལྟས་མེད་པར་རྒྱང་རིང་དུ་བཞུད། དུས་ཚོད་ནི་ཛ་དྲག་ཆེ་བས་མི་སུའང་མི་སྒུག མིག་ཕར་སྒྲིལ་ཚུར་སྒྲིལ་གྱི་བར་གསེང་ནས་སློབ་ཆུང་ལས་སློབ་འབྲིང་ལ་སླེབས་ཤིང་། སློབ་འབྲིང་གི་ལོ་རིམ་དང་འཛིན་གྲྭ་བརྗེ་བའི་དུས་ཚོད་དེ་ཡང་མགྱོགས་མྱུར་ངང་ང་ཚོའི་མིག་མདུན་དུ་ཤར། འཛིན་གྲྭ་བརྗེས་ན་དགེ་རྒན་ཡང་བརྗེ་དགོས་པས་འགྱུར་ལྡོག་དེ་དག་གི་ཁྲོད་དུ་ང་ལ་སྡུག་བསྔལ་ཚད་མེད་སྤྲད་མྱོང་།
དམའ་འབྲིང་ལོ་རིམ་གཉིས་པར་སླེབས་དུས། ང་ཚོའི་འཛིན་གྲྭ་སྔར་དང་མི་འདྲ་བར་འགྱུར་བ་ཕྱིན་པ་དང་དགེ་རྒན་ཡང་བརྗེས། ང་རང་དགའ་ཤོས་ཀྱི་ལོ་རྒྱུས་དགེ་རྒན་དང་ཁ་བྲལ་བ་དང་། སློབ་ཁང་ནས་དོན་དུས་སློབ་མ་མང་པོ་ཞིག་ངུ་བཞིན་འདུག ངའི་སེམས་སུ་ཐོག་མར་འདི་ལྟར་སྙམ་པ་སྟེ། ག་རེ་ངུ་རྒྱུ་ཡོད། ངོ་མ་ལྐུགས་པ་རེད། འཛིན་གྲྭ་བརྗེས་ཀྱང་གྲོགས་མོ་རྣམས་ཕན་ཚུན་མཉམ་དུ་འགྲོ་མི་ཆོག་པ་ནི་མ་རེད་སྙམ་བྱུང་། ཡིན་ན་ཡང་འཛིན་གྲྭ་གསར་པར་སླེབས་རྗེས་ང་སེམས་ཧ་ཅང་སྡུག འཛིན་གྲྭ་བརྗེས་པས་ཅི་ཞིག་མཚོན་གྱི་ཡོད་པའི་དོན་སྔོན་དཔག་ཐུབ་མི་འདུག འཛིན་གྲྭ་གསར་པར་མཉམ་དུ་ཁེལ་བའི་ངའི་སྔོན་གྱི་སློབ་གྲོགས་དེ་དག་དང་ངའི་བར་དེ་ཙམ་འདྲིས་པོ་མེད་ལ། ཆོས་སྐྱིད་ངེད་གཉིས་ཀྱང་མཉམ་དུ་སྐད་ཆ་ཤོད་རེས་བྱེད་མ་མྱོང་།
སློབ་སྦྱོང་གི་ཁོར་ཡུག་གསར་པ་དང་སློབ་གྲོགས་ཚང་མ་གསར་པ་ཡིན་པ་མཐོང་དུས། ངའི་མིག་མཐའ་མཆི་མ་འཁོར་ཞིང་མིག་ཆུ་རྡོག་པོ་དབང་མེད་དུ་ས་ལ་ལྷུང་། དེ་ནས་དགེ་རྒན་སླེབས་པ་དང་། ངས་ཁོང་མཐོང་བའི་ཐེངས་དང་པོའི་བག་ཆགས་ནི་སེམས་བཟང་བ་དང་མི་གཞན་ལ་དགའ་སྤྲོ་སྟེར་ནུས་པའི་དགེ་རྒན་གྲས་རེད་སྙམ་བྱུང་། བདག་གི་བློ་ངོར་དགེ་རྒན་ཁོང་ནི་རྣམ་ཀུན་ཏུ་མི་ལ་དགའ་སྣང་སྟེར་ཐབས་བྱེད་པ་འདི་དངོས་གནས་ཡིན་ནམ་ཡང་ན་ཕྱི་ཚུལ་ནས་བརྫུས་པ་ཡིན་ནམ་སྙམ། ཡིན་ཡང་ད་ལྟ་བསམ་བློ་བཏང་དུས་དྲི་བ་དེའི་ལན་ཕལ་ཆེར་ངའི་སེམས་ལ་གསལ་པོ་ཡོད།
དམའ་འབྲིང་ལོ་རིམ་གཉིས་པའི་དུས་དགེ་རྒན་དང་ང་ཚོས་དགའ་སྤྲོ་ལྡན་པའི་སྒོ་ནས་འཚོ་བ་མཉམ་དུ་རོལ་རྒྱུ་བྱུང་། ཁོང་ནི་སློབ་མར་དགའ་སྣང་སྟེར་ཐབས་བྱེད་མཁན་ཞིག་ཡིན་པས། འཛིན་གྲྭ་གཞན་གྱི་སློབ་མ་ཚོས“ཁྱོད་ཚོའི་དགེ་རྒན་ཡག་པོ་འདུག” “སེམས་བཟང་པོ་ཡོད་ས་རེད”སོགས་ཟེར་བས། སྐད་ཆ་དེ་དག་གོ་དུས་ང་ཧ་ཅང་གི་སྐྱིད་པོ་འདུག རང་བཞིན་གྱིས་འཛིན་གྲྭ་གསར་པ་འདིར་ཁེལ་བར་སྤོབས་སེམས་ཆེན་པོ་སྐྱེ། ང་ཚོ་དང་དགེ་རྒན་མཉམ་དུ་འཚོ་བ་ལོ་གཅིག་ཙམ་སྐྱེལ་བ་དང་། དེའི་རིང་དགེ་རྒན་ལ་དགའ་བའི་བསམ་པ་འགྱུར་བ་མ་བྱུང་ལ། ང་ཚོའི་འཚོ་བའི་ནང་དགའ་འཛུམ་དང་དགོད་སྒྲས་ཁེངས་ཡོད། འོན་ཀྱང་དེའི་རིང་དང་བསྡུར་ན་ང་རང་སེམས་འགུལ་ཐེབས་ཆེ་ཤོས་ནི་དམའ་འབྲིང་ལོ་རིམ་གསུམ་པའི་སྐབས་ཡིན།
དམའ་འབྲིང་ལོ་རིམ་གསུམ་པར་སླེབས་དུས། ང་ཚོའི་འཚོ་གནས་བྱ་ཡུལ་གསར་དུ་སྤོས་པ་དང་། སློབ་མ་ཚང་མ་ཉལ་ཁང་དུ་སྡོད་པ་ལས་ནང་ལ་ལོག་རྒྱུ་མེད། ང་རང་སེམས་སྡུག་ཚད་མེད་སྐྱེས། རྒྱུ་མཚན་ནི་ནམ་རྒྱུན་བཞིན་ཕ་མ་དང་མཉམ་དུ་གཤིབ་རྒྱུ་མེད་ལ། ང་རང་ནམ་རྒྱུན་གང་བྱུང་དུ་ཤ་ཟ་བར་མི་འཕྲོད་པས་ཁ་ཟས་ལ་ཡང་སེམས་ཁྲལ་ལྷག་མ་བྱེད་དགོས་བྱུང་།
སློབ་གྲྭ་གསར་པར་སླེབས་པའི་ཉིན་དང་པོར་ང་རང་དགའ་སྣང་འདུག་ལ་སྐྱོ་སྣང་ཡང་འདུག དགོང་མོ་མར་ཉལ་ཚར་རྗེས་གཞོགས་ཕར་བརྗེ་ཚུར་བརྗེ་མང་པོ་བྱས་ཏེ་གཉིད་ཁུག་ཐབས་བྱས་ཀྱང་གཉིད་འཇམ་པོ་ཞིག་གཏན་ནས་ཁུག་མ་བྱུང་། ཉིན་གཉིས་པའི་སློབ་གསེང་སྐབས་རྒན་ལགས་ཀྱིས་ང་ཚོར“ཉལ་ཁང་འཚོ་བར་གོམས་ཀྱི་འདུག་གམ། གཉིད་ཡག་པོ་ཁུག་ཨེ་བྱུང”ཞེས་སྐད་ཆ་དྲིས་བྱུང་བས། ངས་རྫུན་ལབ་ནས་རྒན་ལགས་ལ“གཉིད་ཡག་པོ་ཁུག་བྱུང”ཞེས་ཞུས་པ་ཡིན། སྟབས་ལེགས་པ་ཞིག་ལ་དེའི་རྗེས་ནས་བཟུང་རིམ་བཞིན་གོམས་ཏེ་གཉིད་ལ་སྐྱོན་ཆེན་པོ་མ་བྱུང་། དེ་ལྟར་ཉིན་ཁ་ཤས་ཕྱིན་པ་དང་། ཕ་མ་བརྒྱུད་ང་ཤ་ཟ་རྒྱུར་སྟབས་མི་བདེ་བའི་གནས་ཚུལ་རྒན་ལགས་ཀྱིས་མཁྱེན་ནས་ཉིན་ལྟར་ང་ལ“ཁ་ལག་ཡག་པོ་ཟོ”ཞེས་སེམས་ཁུར་གནང་།
ཉིན་ཞིག་སློབ་གྲྭའི་ནང་དུ་གཟུགས་པོ་བརྟག་དཔྱད་བྱེད་མཁན་གྱི་སྨན་པ་སླེབས་འདུག་ཅིང་། བརྟག་དཔྱད་མ་བྱས་པའི་སྔོན་ལ་ཁ་ལག་ཟ་ཆོག་གི་མེད་སྟབས། ང་ཚོའི་སློབ་མ་ཚང་མ་ཞོགས་པའི་ཁ་ལག་བཟས་མེད། བརྟག་དཔྱད་ཁག་དྲུག་ཙམ་འདུག་ཅིང་། ཁྲག་ཀྱང་འཐེན་དགོས་ཀྱི་འདུག ང་ཆུང་དུས་ནས་ཤ་དེ་ཙམ་མ་འཕྲོད་རྐྱེན་ཟ་གི་མེད་པས། དུས་རྒྱུན་ནས་སྨན་པས་ཁྲག་ཤེད་དམའ་འདུག་ཟེར་གྱི་ཡོད། ཏག་ཏག་ཞོགས་པ་དེར་ཁྲག་འཐེན་པས་ཐོག་མར་སྐྱོན་ཨེ་ཡོང་བསམ་བྱུང་མོད། བསམ་ཡུལ་ལས་འདས་པ་ལ་མགོ་ཡུར་འཁོར་ནས་ལུས་འཚོ་མི་ཐུབ་པ་ཞེ་དྲག་བྱས་བྱུང་། ཉིན་ཧྲིལ་པོ་ལྟོ་ལ་ཡི་ག་མེད་པས། དགོང་ཚོགས་གྲོལ་རྗེས་གོམ་པ་ཡང་སྤོ་མ་ཐུབ་པར་གྱུར། སློབ་གྲོགས་བུ་མོ་ཞིག་གིས་འཛིན་བདག་ལ་ཁ་པར་བརྒྱབ་ནས་ངའི་གནས་ཚུལ་ཇི་བཞིན་ཞུས་པས། རྒན་ལགས་ཀྱིས་ནང་ལ་ཁྲིད་ཤོག་ཟེར་ནས་ཁོང་གི་ཁྱིམ་ལ་སྒུག་འདུག ང་དེ་དུས་དགའ་ཚོར་ཆེན་པོ་བྱུང་། དེ་ནས་རྒན་ལགས་ཀྱིས་རྩམ་དུད་བདུག་པ་དང་། སྤགས་ཆེན་པོ་ཞིག་བརྫིས་ནས་ཟོ་ཞེས་བཤད་བྱུང་། ང་སྤགས་ཟ་འདོད་མེད་ན་ཡང་རྒན་ལགས་ཀྱིས་སེམས་བཟང་བྱས་པས་ངས་དང་དུ་བླངས་པ་ཡིན། སྤགས་དེ་ཞིམ་པོ་ཡང་འདུག ངས་ཐོག་མར་རང་ཉིད་ན་བའམ་ཅི་ཞིག་བྱས་པ་ཡིན་ནམ་སྙམ་མོད། ཧ་ལམ་ལྟོ་མ་ཟོས་པས་འཚོ་བཅུད་མི་འདང་བ་འདྲ། རྒན་ལགས་ཀྱིས་སློབ་གྲྭའི་སྨན་པ་ཡང་སྐད་བཏང་སོང་བས། ཁོང་གིས་ང་ལ་རྒུན་འབྲུམ་ཧྭགས(葡萄糖)ཤིག་བླུད་པས། ངའི་རིག་པ་རིམ་བཞིན་སྔར་བས་གསལ་དུ་ཕྱིན་པ་དང་། མགོ་ན་ཚད་སྔར་ལས་ཤུགས་དྲག་ཆུང་དུ་ཕྱིན་ནས་ལུས་ཁམས་ཡོངས་ཅུང་ཟད་སོས་པའི་སྣང་བ་བྱུང་། དེ་ནས་བཟུང་ང་ལ་རྒན་ལགས་ཀྱིས་དམིགས་བསལ་གྱི་བྱམས་བརྩེ་གནང་གང་ཐུབ་བྱས་པས་སེམས་ནང་དགའ་བ་དཔག་མེད་སྐྱེ་བྱུང་།
ང་ཡི་དགེ་རྒན་ནི་བྱམས་བརྩེ་ཆེ་ཞིང་། ཀུན་སྤྱོད་ལྡན་ལ་གཤིས་ཀ་བཟང་བའི་མི་ཡ་རབས་ཤིག་ཡིན། གལ་ཏེ་ཁྱོད་ཀྱིས་ཁོང་ད་དུང་སུ་ཡིན་པ་མ་ཤེས་ཚེ། ཁོང་ནི་ང་ཚོའི་འཛིན་བདག་སྟེ། རྒན་དགའ་བཟང་ལགས་ཡིན། ངས་ཁོང་ལ་བཀའ་དྲིན་ཆེ་ཞེས་ཞུ་འདོད། ཁོང་ནི་ང་ལ་ཐུག་པའི་དགེ་རྒན་ཡག་ཤོས་ཤིག་ཡིན་ནོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)
ཟུར་ཁྲིད་དགེ་རྒན། དགའ་བཟང་།


