མེ་ཏོག་སྐམ་རྗེས་སླར་ཡང་བཞད་པའི་དུས་ཤིག་ཡོད། བྱ་བྱིའུ་ལྷོ་ཕྱོགས་ལ་འཕུར་ཚེ་སླར་ཡང་ལོག་ཡོང་བའི་ཉིན་ཞིག་ཡོད། འོན་ཀྱང་འདས་ཟིན་པའི་དུས་ཚོད་བསྐྱར་ལོག་བྱེད་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། རྩོམ་པ་པོ་གྲགས་ཅན་ཀྲུའུ་ཙི་ཆིང་གིས་ཀྱང་དེ་དང་འདྲ་བའི་གནད་དོན་གླེང་མྱོང་།
བྱིས་པའི་དུས་སུ་རང་ཉིད་མགྱོགས་ཙམ་ནར་སོན་ན་བསམ་ནས་རེ་སྒུག་བྱེད་ཀྱི་ཡོད། འོན་ཀྱང་ནར་སོན་ཚེ་བྱིས་དུས་ཀྱི་འཚོ་བར་ཡིད་སྨོན་སྐྱེས་ནས་དུས་ཚོད་ལ་བསྐྱར་ལོག་བྱ་རྒྱུ་ཡོད་ན་བསམ། བསྐྱར་དྲན་ཞིག་བྱས་ཚེ་མི་ཞིག་གི་མི་ཚེའི་ནང་ཆེས་བདེ་སྐྱིད་ལྡན་ཤོས་ཀྱི་ལོ་ཟླ་ནི་བྱིས་པའི་དུས་སྐབས་ཡིན། བྱིས་པའི་དུས་སུ་ཕ་མའི་བྱམས་སྐྱོང་འོག་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཞིང་རིག་གནས་མི་ཤེས་པའི་སྡུག་བསྔལ་དང་རང་ལ་འཆར་གཞི་མེད་པའི་སེམས་ཁྲལ་སོགས་མེད། ནར་སོན་ཚེ་དལ་གྱིས་དུས་ཚོད་ཀྱི་རིན་ཐང་དེ་རྟོགས། འདས་ཟིན་པའི་དུས་ཚོད་ནི་བསྐྱར་ལོག་བྱེད་རྒྱུ་མེད། ཡིན་ནའང་འདས་ཟིན་པའི་ལོ་ཟླའི་ནང་བྱ་བ་ལ་ལ་ནི་སྐྱོ་སྡུག་དང་ལ་ལ་ནི་དགའ་སྤྲོ་ལྡན་པས་དེ་དག་ནི་ང་ཚོའི་མི་ཚེའི་ནང་ཆེས་མཛེས་སྡུག་ལྡན་པའི་གཏམ་རྒྱུད་རིང་མོ་ཞིག་རེད་ཅེས་བཤད་ཆོག འདས་ཟིན་པའི་ལོ་ཟླ་ནི་སྙན་འཇེབས་ལྡན་པའི་གླུ་དབྱངས་ཤིག་ཡིན་ལ་དེའི་ནང་དུ་སྐྱོ་སྡུག་དང་དགའ་སྤྲོའི་སྒྲ་གདངས་ཀྱིས་ཁེངས་ཡོད། ད་ལྟ་ནི་ང་ཚོས་དམ་འཛིན་བྱེད་ཆོག་པའི་དུས་ཚོད་ཡག་ཤོས་དེ་རེད། མ་འོངས་པ་ནི་མི་སུ་ཞིག་གིས་ཀྱང་བཤད་མི་ཤེས་པའི་དྲི་བ་ཞིག་རེད། རྒྱུ་མཚན་ནི་དཔེར་ན་སང་ཉིན་ང་ཚོར་བྱ་བ་གང་འདྲ་ཞིག་དང་འཕྲད་མིན་རང་ཉིད་ཀྱིས་མི་ཤེས་ལ་མི་གཞན་སུ་ཞིག་གིས་ཀྱང་མི་ཤེས། ངས་རང་ཉིད་ཀྱི་འདས་ཟིན་པའི་ལོ་ཟླར་བསྐྱར་དྲན་དང་མ་འོངས་པར་བསམ་བློ་ཞིག་བཏང་ཚེ་དུས་ཡུན་རིང་པོ་དེའི་ནང་ངས་རང་ཉིད་ཀྱི་མ་འོངས་པར་ཇི་ལྟར་དམ་འཛིན་དང་མ་འོངས་པའི་འཚོ་བ་དེ་དག་ལ་འཆར་གཞི་བཟང་པོ་ཞིག་ཇི་ལྟར་བཟོ་བར་བསམ་བློ་བཏང་མི་འདུག འོན་ཀྱང་དུས་ཚོད་ཀྱི་འཁོར་ལོ་ནི་མུ་མཐུད་སྐྱོད་བཞིན་འདུག ང་ལ་བསམ་བློའི་གྲ་སྒྲིག་དང་འཆར་གཞི་ཞིབ་མོ་ཞིག་བཟོ་བའི་དུས་ཚོད་རིང་པོ་ཞིག་མི་འདུག
དུས་ཚོད་ཀྱི་འཁོར་ལོ་ནི་ཤིན་ཏུ་མགྱོགས་པས་ང་རང་ད་དུང་བྱིས་དུས་ཀྱི་བསམ་བློ་ཞིག་བཏང་ནས་བསྡད་འདུག དུས་ཚོད་འགྲོ་མགྱོགས་པས་བདག་སྐྱོང་མཁན་གྱི་མི་མང་པོ་ཞིག་ཀྱང་ང་དང་རིམ་གྱིས་ཁ་བྲལ་བཞིན་འདུག དུས་ཚོད་ཀྱི་གོམ་སྒྲ་དང་བཅས་མིའི་རིགས་ཀྱི་ལང་ཚོར་དར་རྒུད་སྣ་ཚོགས་འབྱུང་བཞིན་ཡོད། དུས་ཚོད་ཤིན་ཏུ་མགྱོགས་པས་ང་རང་ད་དུང་ཡང་དུས་ཚོད་ཀྱི་མགྱོགས་ཚད་དེར་གོམས་ཐབས་མི་འདུག ཕ་མ་གཉིས་ཀྱི་བཞིན་རས་ལ་གཉེར་མ་ནི་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དང་། དབུ་སྐྲ་ཡང་ཉིན་རེ་ནས་ཉིན་རེར་མ་འདས་དཀར་པོར་འགྱུར་བཞིན་འདུག་པའི་སྣང་ཚུལ་དེ་དག་མཐོང་ཚེ་བདག་གི་ཡབ་ཡུམ་གྱི་ལང་ཚོ་དེ་དུས་ཚོད་ཀྱི་གོམ་སྒྲ་དང་ཆབས་ཅིག་རྒས་འགྲོ་བ་དེ་ཤེས་བྱུང་ལ་དུས་ཚོད་ནི་རིན་ཐང་ཆེ་བ་ཡང་རྟོགས་བྱུང་། དུས་ཚོད་ནི་ཆུ་མོ་བཞིན་རྒྱུག་འགྲོ་བས་ནམ་ཡང་བསྐྱར་ལོག་བྱེད་ཐབས་མེད། ནོར་རིན་ཆེན་ལྟ་བུའི་དུས་ཚོད་ནི་རྐུན་མས་རྐུ་མི་ཐུབ་ལ་མི་དབང་ཆེན་གྱིས་འཕྲོག་མི་ཐུབ། དེ་བཞིན་འཇིག་རྟེན་འདིའི་ཐོག་ཆེས་བཏང་སྙོམས་ལྡན་ཤོས་ཀྱང་མི་རང་ཉིད་ལ་དབང་བའི་དུས་ཚོད་དེ་རང་རེད། རྒྱུ་མཚན་ནི་དུས་ཚོད་ནི་གསེར་དངུལ་རིན་ཆེན་གང་ཞིག་གིས་ཀྱང་ཉོ་མི་ཐུབ་ལ་དེ་བས་སློང་ཡང་ཐུབ།
ད་ལྟ་ང་ཚོས་བྱེད་ཐུབ་པ་ནི་དུས་ཚོད་ལ་དམ་འཛིན་བྱ་རྒྱུ་དེ་རང་ཡིན། ང་ཚོ་སློབ་མའི་ངོས་ནས་བཤད་ན་ད་ལྟའི་དུས་ཚོད་ནི་ཆེས་རིན་ཐང་ལྡན་ཤོས་ཀྱི་དུས་ཤིག་རེད། སྐྱེ་བོ་གང་འདྲ་ཞིག་ཡིན་རུང་འདས་ཟིན་པའི་དུས་དེར་ནོར་འཁྲུལ་ཤོར་མྱོང་ཡོད་ངེས་རེད། འོན་ཀྱང་ང་ཚོས་འགྱོད་པ་དང་བློ་ཕམ་ནས་མ་བསྡད་པར་མ་འོངས་པའི་དུས་ཚོད་ལ་དམ་འཛིན་བྱེད་དགོས་སོ། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༨(༤)
ཟུར་ཁྲིད་དགེ་རྒན། ཚེ་རིང་དབྱངས་ཅན།


