འཛམ་གླིང་འདིའི་ཐོག་ཏུ་ཟ་འཐུང་གི་དངོས་པོའི་རིགས་ཤིན་ཏུ་མང་ཞིང་། ཤིང་འབྲས་རིགས་ཀྱང་མངར་ཞིང་དམར་བ་ཨ་སིལ་དང་། སྐྱུར་ཞིང་སེར་བ་ཚ་ལུ་མ། སྤྲེའུས་དགའ་ཤོས་བྱེད་པའི་ངང་ལག་སོགས་ཡོད། ཡིན་ན་ཡང་གུས་མོའི་སེམས་སུ་ཤིང་འབྲས་ནི་བྲོ་བ་ཙམ་ལ་ལྟ་རྒྱུ་མིན་པར། ཤིང་འབྲས་དེའི་འཚོ་གནས་ཀྱི་སྙིང་སྟོབས་དང་མཚོན་དོན་དེ་གཙོ་བོ་ཡིན་པར་འདོད།
གནའ་ནས་ད་བར་མི་རྣམས་ནི་ཞི་བདེ་ལ་ཕྱོགས་ཤིང་། ངག་ནས་ཉིན་ལྟར་མཐུན་སྒྲིལ་དགོས་ཚུལ་གླེང་བ་དང་། དེའི་དཔེ་རུ་འབྲུ་རྡོག་དམར་ཆུང་དུ་མ་དམ་པོར་འབྱར་ནས་གྲུབ་པའི་སེ་འབྲུའི་ཕུང་པོར་འཇོག་སྲོལ་ཡོད། དེ་ནི་མི་ཚོགས་མང་པོ་མཐུན་སྒྲིལ་བྱས་ན་རི་བོ་ཆེན་པོ་སྤོ་ཐུབ་ཅེས་པ་དང་འདྲའོ། །
མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ཞིང་དགའ་སྡུག་མཉམ་མྱོང་གི་ཀྲུང་གོའི་རྒྱལ་ཁབ་ལ་མི་རིགས་ལྔ་བཅུ་ང་དྲུག་ཡོད་པ་རྣམས་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་ལྟར་ཕུན་ཚུན་སྲོག་ཤིང་གཅིག་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་ཡོད་པས། ཀྲུང་གོའི་མི་རིགས་ང་དྲུག་པོ་ཁྱིམ་ཚང་གཅིག་ལྟར་མཐུན་པ་དང་། གཅིག་སེམས་གཅིག་ལ་སྦྲེལ་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱེད་རྒྱུ་ནི་ཀྲུང་ཧྭའི་བུ་རྒྱུད་ཚང་མའི་གཡོལ་མེད་ཀྱི་འགན་འཁྲི་ཡིན།
ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་ཧྭའི་ས་གཞི་ཆེན་མོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་པའི་རྣམ་པས་ཁེངས་ཡོད།
ད་ལྟ་སྤྱི་ཚོགས་གསར་པའི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་མོའི་ནང་ཀྲུང་ཧྭའི་བུ་རྒྱུད་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཞི་མཐུན་གྱི་འཚོ་བར་རོལ་བཞིན་ཡོད་ལ། ཚང་མས་འབད་བརྩོན་ལྷོད་མེད་དང་བློ་ཆེ་དཀྱེལ་ཡངས་ཀྱིས་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་བྱ་གཞག་ཁྲོད་རང་གི་ནུས་ཤུགས་འདོན་བཞིན་ཡོད། གུས་མོས《བོད་ལྗོངས་གཞོན་ནུའི་ཚགས་པར》ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་སྐུལ་བྱེད་པའི་ཆ་འཕྲིན་མང་པོ་མཐོང་བྱུང་ལ། སྤྱི་ལོ༢༠༢༣ལོར་ཞི་ཅིན་ཕིང་ནང་སོག་རང་སྐྱོང་ལྗོངས་ཁྲི་ཧྥེང་གྲོང་ཁྱེར་ཧི་ནན་ཁྲོམ་ལམ་མཱ་ཨན་ཧྲན་གྲོང་ཚོའི་“མི་རིགས་སྣ་མང་གི་ཁྱིམ་ཚང་”དུ་གཟིགས་ཞིབ་གནང་བར་ཕེབས་སྐབས། “མི་རིགས་ཁག་སེ་འབྲུ་རྡོག་པོ་བཞིན་གོང་བུ་གཅིག་ཏུ་བསྒྲིལ་བར་སྐུལ་འདེད་གཏོང་དགོས”ཞེས་གསུངས་པ་དང་། བོད་ལྗོངས་ལ་གཟིགས་ཞིབ་གནང་སྐབས། “ང་ཚོ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་གྱི་ཚོགས་པ་ཞིག་ཡིན་པས། ཕྱར་བ་གྲུ་འདེགས་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་སྙེགས་དགོས”ཞེས་ནན་བཤད་གནང་བས། ང་ཚོས་མི་རིགས་མཐུན་སྒྲིལ་ནི་གལ་ཆེན་པོ་ཇི་ཙམ་ཡིན་པ་རྟོགས་ཐུབ་སྙམ།
མི་དམངས་ལ་བདེ་སྐྱིད་ཐོབ་དགོས་ན་མི་རིགས་ང་དྲུག་ལག་གདང་གཅིག་ཏུ་སྦྲེལ་ནས་མི་རིགས་བར་གྱི་མཐུན་སྒྲིལ་ཡར་རྒྱས་མགྱོགས་སུ་གཏོང་དགོས། དེ་ལྟར་བྱུང་ན་གཞི་ནས་མི་དམངས་རྣམས་ལུས་བདེ་སེམས་སྐྱིད་ཀྱི་འཚོ་བར་རོལ་ཐུབ། ཆུང་ས་ནས་མི་རིགས་ནང་ཁུལ་གྱི་ཡུལ་ལུང་སོ་སོ་དང་། ལུང་པ་བྱེ་བྲག་པའི་སྐྱེ་བོ་སོ་སོའི་བར་ལ་ཡང་མཐུན་སྒྲིལ་དགོས་ངེས། ང་ཚོའི་འཛིན་གྲྭ་ལ་མཚོན་ན་སློབ་གྲྭའི་བྱེད་སྒོ་ཁག་ནང་ཚང་མས་རྡོག་རྩྭ་གཅིག་སྒྲིལ་གྱིས་འགྲན་ཡ་ལས་རྣམ་པར་རྒྱལ་ཐབས་བྱེད་ཅིང་། ལྷག་ཏུ་ད་ལོའི་གཞོན་ནུའི་དུས་ཆེན་སྐབས་ཀྱི་ཐག་འཐེན་འགྲན་བསྡུར་ནང་སློབ་གྲོགས་བདེ་སྐྱིད་ལྷ་འཛོམས་དང་དགེ་རྒན་རྣམ་པའི་ངར་སློང་གི་འབོད་ཚིག་འོག་འཛིན་དཔོན་རིག་སྲས་གཙོ་བོ་བྱས་པའི་སློབ་གྲོགས་རྣམས་ཀྱིས་འཛིན་གྲྭའི་གཟི་བརྗིད་ཆེད་དུ་རང་ནུས་རྩལ་དུ་སྤྲུགས་པ་མཐོང་སྐབས་སེམས་འགུལ་གྱི་མིག་ཆུ་ཉིལ་ལ་ཁད་བྱས་བྱུང་ལ། ཐ་ན་ཁོང་ཚོའི་ལག་མཐིལ་གྱི་སྐྱི་མོ་ཡན་རྨས་སྐྱོན་ཕོག་རུང་ཕྱིར་ཤོལ་ཏིལ་འབྲུ་ཙམ་མི་བྱེད། སློབ་གྲོགས་ཚེ་རིང་མཚོ་དང་ཚེ་གཡང་ལྷ་མོ་སོགས་ཀྱིས་ཁོང་ཚོའི་ལག་པར་འཐམ་ནས་འཕུར་འཕུར་ངང་ན་ཚ་གཏོང་མིན་སྐད་ཆ་འདྲི་བ་དང་ཁོང་ཚོའི་སྙིང་རུས་ལ་བསྔགས་པ་ཡང་ཡང་བརྗོད། ངོ་མ་རེད་ཨང་། ང་ཚོའི་འཛིན་གྲྭར་ཁྱོན་སློབ་མ་ང་བརྒྱད་ཡོད་པ་ལས་ཁོང་ཚོ་བཅུ་པོས་འདོད་ཐོག་གཅིག་ལ་བབས་ནས་དཔའ་ཁས་ལེན་གྱིས་ཐག་པ་འཐེན་རྒྱུ་དང་དུ་བླངས་པ་ནི་འཛིན་གྲྭའི་གཟི་བརྗིད་རྩོད་འདོད་རེད་ལ། དེས་ང་ཚོ་ལྟད་མོ་བ་རྣམས་ལ་མིག་དཔེ་ཁྱད་དུ་འཕགས་པ་ཞིག་བསྟན་ཡོད་པར་འདོད། དངོས་གནས་ང་ཚོའི་བར་ཤ་ཁྲག་གི་འབྲེལ་བ་མེད་ན་ཡང་ཕན་ཚུན་གཅིག་གིས་གཅིག་ལ་བློ་དཀར་གཞུང་དྲང་ཡིན་ཞིང་། སྤུན་མཆེད་ལྟ་བུའི་མཛའ་གཅུགས་ཀྱི་བརྩེ་བ་འཆང་རེས་བྱེད། ང་ཚོས་འདི་ལྟར་འཆམ་མཐུན་གྱི་སྲོལ་རྒྱུན་བཟང་པོ་འདི་མུ་མཐུད་རྒྱུན་འཛིན་བྱེད་འོས། སྤྱོད་བཟང་འདི་ནི་མི་བྱེ་བྲག་པས་ཁ་ཡོད་ལག་ཡོད་ཀྱིས་མི་རིགས་མཐུན་སྒྲིལ་ཆེན་མོར་ཕུལ་བའི་ལེགས་སྐྱེས་ཡིན།
མདོར་ན། ཆེ་སའི་རྒྱལ་ཁབ་གཅིག་ནས་ཆུང་སའི་འཛིན་གྲྭ་ཞིག་ཡིན་ཡང་འཆམ་མཐུན་ནི་རྒྱལ་ཁའི་རྩ་བ་དང་སྔོན་འགྲོ་ཡིན། དེར་བརྟེན། ཚང་མ་སེ་འབྲུའི་རྡོག་པོ་ལྟར་གཅིག་ཏུ་སྒྲིལ་ནས་མདུན་ཕྱོགས་ཀྱི་དཀའ་ཁག་ལས་རྣམ་པར་རྒྱལ་ཐབས་བྱེད་དགོས། འདི་བཟང་ཕྱོགས་ཀྱི་མཐུན་སྒྲིལ་མངོན་ཚུལ་རེད། དེ་མིན་འགའ་ཞིག་ནི“མཐུན་སྒྲིལ”ལ་ཁ་གཡར་ནས་ངན་པ་ལག་སྦྲེལ་དང་འཕར་སྤྱང་གྲ་སྡེབ་ཀྱིས་བྱ་ངན་སྤྱོད་ངན་ལ་འཇུག་པ་ནི་མ་རབས་ཀྱི་ལས་ཁོ་ནའོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༥)
ཟུར་ཁྲིད་དགེ་རྒན། དགའ་བཟང་།
 



 
         
         
        