ནམ་ཟླ་སྟོན་གྱི་ཉི་འོད་དེ་སེར་མདོག་ཅན་གྱི་ལྕང་ལོ་བརྒྱུད་ནས། སློབ་རའི་ལམ་ཕྲན་སྟེང་དུ་དམར་སེར་མཚམས་སྤྲིན་མདོག་གི་མཛེས་རིས་བཀོད་པ་དང་ལྷན་དུ། ལོ་གཅིག་དུས་གཅིག་གི་སློབ་མཇུག་ཡིག་ཚད་ཀྱི་དུས་ཚིགས་ཟིན་པས། སློབ་རའི་ནང་དུ་བྲེལ་འཚུབ་དང་རེ་སྒུག་འདྲེས་མའི་རྣམ་པས་ཁེངས་ནས་མཆིས།
སྒྲོག་ཙེའི་སྟེང་དུ་དཔེ་དེབ་དང་ཟིན་བྲིས་སྣ་ཚོགས་ཀྱིས་ཁེངས་འདུག་པ་དེ་ནི་རི་བོ་ཆེན་པོ་ཞིག་དང་འདྲ་བར། སློབ་གྲོགས་ཚོས་གོམ་ཞེང་ཆུང་ཆུང་གིས་འདིའི་རྩེ་མོར་སྙེག་པ་དང་འདྲ་ལ། སྨྱུག་རྩེ་ཤོག་བུའི་སྟེང་དུ་ཧྲག་ཧྲག་གི་སྒྲ་གྲགས་བཞིན་པ་ནི་བསམ་བློ་དང་ཤེས་རབ་གདོང་ཐུག་བྱུང་བའི་སྐད་སྒྲ་རེད། དེ་བས་སློབ་གྲོགས་རེ་རེའི་མིག་མདངས་ཁྲོད་དུ་བློ་རྩེ་གཅིག་སྒྲིམ་དང་བློ་བརྟན་འགྱུར་མེད་ཀྱི་སྟོབས་ཤུགས་ཕྲ་མོ་མངོན་པས། ཕལ་ཆེར་དུ་བ་མེད་པའི་དམག་འཁྲུག་ཅིག་ལངས་གྲབས་ཡོད་པ་དང་ཀུན་ནས་མཚུངས།
ང་ཚོའི་ངོས་ནས་བརྗོད་ན། སློབ་མཇུག་ཡིག་རྒྱུགས་ནི་སློབ་དུས་གཅིག་གི་དཀའ་སྤྱད་འབད་བརྩོན་ལ་ཞིབ་བཤེར་དང་སྦྱངས་ཟིན་པའི་ཤེས་བྱར་ཕྱོགས་བསྡུས་བྱས་པས། དེ་ནི་མེ་ལོང་ཞིག་དང་འདྲ་བར་ང་ཚོའི་དགེ་མཚན་དང་སྐྱོན་མཚང་ཡོངས་སུ་མངོན་ཡོང་། རྒྱུགས་ལ་གྲ་སྒྲིག་བྱེད་པའི་ཉིན་མོར། ང་ཚོས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ལག་གི་དཔེ་ཆ་བོར་མ་མྱོང་ལ། ཟླ་འོད་ཀྱི་སྣེ་མོར་མཐུད་ཅིང་། ཐོ་རེངས་ཀྱི་དཀར་འོད་དང་འགྲོགས་ནས། མིང་ཚིག་རེ་རེ་དང་བརྗོད་པ་རེ་རེ། སྤྱི་འགྲོས་རེ་རེ་ནས་བརྩིས་ཏེ་ང་ཚོའི་བློ་ཡུལ་ནས་བརྗེད་དཀའ་བའི་དྲན་ཤེས་བརྟན་པོ་ཞིག་བརྩོན་པས་བསྐྱངས།
སློབ་མཇུག་ཡིག་རྒྱུགས་དེ་རྒྱུགས་རར་ཡིག་རྒྱུགས་གཏོང་བ་ཙམ་མ་ཡིན་པར། དེ་ནི་ང་ཚོའི་འཚར་ལོངས་ཀྱི་སྐས་འཛེགས་ཤིག་དང་འདྲ་བར། སྐས་ཀར་སྤོས་པའི་གོམ་སྟབས་ཚང་མ་ང་ཚོ་རང་ཉིད་ཕུགས་འདུན་དང་བར་ཐག་ཇེ་ཉེ་རུ་འགྲོ་བའི་སྟངས་སྟབས་རེ་རེ་རེད། རྒྱུགས་རའི་ནང་གི་ཆུ་ཚོད་ཀྱི་སྐད་སྒྲ་ནི་དུས་ཚོད་ཀྱི་གོམ་སྒྲ་དང་འདྲ་བར། ང་ཚོ་མདུན་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བྱེད་བཞིན་ཡོད་ལ། རྒྱུགས་ཤོག་སྟེང་དུ་བྲིས་པའི་དྲིས་ལན་རེ་རེ་ནི་དུས་ཚོད་དེའི་རིང་ང་ཚོས་འབད་པ་བྱས་པའི་སྙིང་བཅུད་དྭངས་མ་ཤ་སྟག་ཡིན་པ་རེད།
གཅིག་བྱས་ན། དཀའ་གནད་ཀྱིས་ང་ཚོར་བསམ་བློ་དྲུག་གསུམ་བཅོ་བརྒྱད་ཀྱི་ཀློང་དུ་འདེད་སྲིད་ལ། ཡང་གཅིག་བྱས་ན། གནོན་ཤུགས་ཀྱིས་ང་ཚོའི་ལག་མཐིལ་ནང་རྔུལ་ཆུ་བར་མེད་ཅིག་བཞུར་དུ་འཇུག་ཀྱང་སྲིད། འོན་ཀྱང་ང་ཚོའི་རྒྱུན་འཁྱོངས་དང་འབད་བརྩོན་གྱི་ཆུ་མོའི་བཞུར་རྒྱུན་ཆད་མི་རུང་། རྒྱུ་མཚན་ནི་དེ་དག་ཡོད་ཚད་ང་ཚོ་འཚར་ལོངས་འབྱུང་བར་ངེས་པར་དུ་བརྒྱུད་དགོས་པའི་གཡོལ་ཐབས་མེད་པའི་མི་ཚེའི་ལམ་བུ་རེ་རེ་ཡིན་པས་སོ། །
ཡིག་རྒྱུགས་ཚར་བའི་ཅོང་བརྡ་གྲགས་དུས་སེམས་ལྷོད་དུ་བབས་ལ། དེ་དང་ཆབས་ཅིག་རེ་སྒུག་གིས་ཀྱང་ཁེངས་སྲིད། ལྷོད་ལ་བབས་པ་ནི་བྲེལ་འཚུབ་ཀྱི་བསྐྱར་སྦྱོང་འཚོ་བ་གནས་སྐབས་སུ་མཚམས་བཞག་པ་དང་། རེ་སྒུག་བྱེད་པ་ནི་འབད་བརྩོན་རྗེས་ཀྱི་སེམས་མཐུན་གྱི་གྲུབ་འབྲས་དག་གི་ཆེད་དུ་ཡིན། ཡིག་རྒྱུགས་ཀྱི་མཇུག་འབྲས་གང་འདྲ་ཞིག་ཡིན་རུང་། ང་ཚོ་ཚང་མས་བརྒྱུད་རིམ་དེའི་ཁྲོད་ནས་ཤེས་བྱ་བསྡུ་ལེན་དང་། སྙིང་སྟོབས་སྦྱོང་བརྡར། དེ་བས་འགྲན་རྩོད་ལ་གདོང་གཏོད་བྱེད་པའི་སྤོབས་པ་ནི་ནམ་ཡང་ཉམས་མི་རུང་ངོ་། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།