སློབ་ཕྲུག་སོ་སོའི་གུང་གསེང་གི་འཚོ་བ་འདྲ་གི་ཡོད་པ་མ་རེད། ལ་ལ་སྐྱིད་པོ་ཡོད་ལ། ཡང་ལ་ལ་སྐྱིད་པོ་དེ་ཙམ་ཡོད་པ་མ་རེད། ངའི་གུང་གསེང་འཚོ་བར་རོལ་ཚུལ་ནི་སློབ་གྲྭས་གུང་གསེང་བཞག་པ་ནས་བཟུང་ང་རང་ནང་ལས་བྱེད་མཁན་དེ་ཡིན།
ནང་ལ་མི་བཅུ་ཡོད་པ་ལས་ཨ་ཕ་ལས་ཀར་ཕྱིན་ནས་ནང་ལ་དེ་ཙམ་མི་སྡོད། ཨ་མ་ནི་སྒྲོམ་སྟེགས་སྤོ་ལོའི་ཁང་དུ་ཁ་ལག་བཟོ་བར་འགྲོ་དགོས་ཀྱི་ཡོད་ལ། གཅུང་པོ་རྒན་པ་ཡང་དེ་གར་ལས་ཀར་ཕྱིན། གཅུང་མོ་རྒན་པ་དང་གཅུང་པོ་འབྲིང་བ་གཉིས་ནི་ནང་ལ་མི་སྡོད་པར་ཁོང་གཉིས་ཀྱི་ཨ་མའི་སར་སོང་། གཅུང་མོ་འབྲིང་བ་ནི་ཕ་ཡུལ་ལ་ལོག་པ་རེད། ནང་ལས་ཚང་མ་ནི་ང་གཅིག་པུས་ལས་དགོས་ཀྱི་ཡོད། ནམ་ལངས་ནས་ཆུ་ཚོད་བདུན་པའི་མཚམས་སུ་ཨ་མ་སྒྲོམ་སྟེགས་སྤོ་ལོའི་ཁང་དུ་གཙང་སྦྲ་བྱེད་དུ་འགྲོ་གི་ཡོད་ལ། ང་ཡར་ལངས་ནས་སྔོན་ལ་མེ་སྒོང་བ་དང་། ཚར་དུས་མཆོད་ཁང་དུ་ཡོན་ཆབ་བཤམས་པར་འགྲོ། དེ་ཚར་རྗེས་ཇ་བཟོ་བ་དང་ནང་མི་ཚོར་རྩམ་པ་བླུགས། ཁྱིམ་དུ་གཙང་སྦྲ་སྟབས་བདེ་ཞིག་ཚར་རྗེས་གཅུང་མོ་ཡར་བསླངས་ནས་རྩམ་པ་སྟེར་བ་དང་། དེ་ནས་ལོ་གསུམ་བྱས་པའི་གཅུང་མོ་ཆུང་བ་དེ་ཡར་བསླངས་ནས་སོ་དང་ངོ་འཁྲུ་བ་དང་། དེ་ནས་སྐྲ་བསྡམས་ཏེ་ཞོགས་ལྟོ་བླུད་དགོས། དེ་དག་ཚར་རྗེས་ཉིན་གུང་གི་ཟ་མ་གྲ་སྒྲིག་བྱེད་པའི་དུས་ལ་སླེབས་པས་སྔོན་ལ་འབྲས་འཚོས་པ་དང་དེ་རྗེས་ཚལ་བརྔོ་བ་སོགས་བྱེད། ཆུ་ཚོད་བཅུ་གཉིས་གཡས་གཡོན་ལ་ཨ་མ་ནང་ལ་ལོག་པ་དང་། ཨ་མ་སླེབས་རྗེས་གཅུང་པོ་ཆུང་བ་ཡར་ལངས་ཀྱི་ཡོད། ངས་ཁོང་གི་ཉལ་ཁང་གཙང་སྦྲ་བྱས་རྗེས་ཨ་མ་ལགས་ཀྱིས་ང་ལ་“ད་སྦྱོང་ཚན་ཏོག་ཙམ་བྲིས་”ཞེས་གསུང་གི་ཡོད།
ཉིན་གུང་ངས་ནང་མི་ཚོར་ཟ་མ་བླུགས་ནས་ཚང་མ་ལྷན་དུ་གུང་ཟས་ལ་རོལ་བ་དང་། བར་གསེང་ལ་བརྙན་འཕྲིན་ཆུ་ཚོད་གཉིས་ཙམ་ལྟ་གི་ཡོད། ངས་ཕོར་པ་འཁྲུ་བ་དང་ཐབ་ཚང་ལ་གཙང་སྦྲ་བྱེད་པ་སོགས་བྱེད་དགོས། ང་ཚོ་དུས་རྒྱུན་ཁ་པར་ལྟ་རྒྱུ་མེད་པར་གཟའ་སྤེན་པ་དང་ཉི་མར་སླེབས་ན་གཞི་ནས་ཁ་པར་ལག་ལ་སྤྲོད་ཀྱི་ཡོད། སྤྲད་ཀྱང་ཆུ་ཚོད་དང་པོ་ནས་བལྟས་ན་སྐབས་རེ་ལས་ཀ་བྱེད་དགོས་པ་དང་། ཡང་སྐབས་རེ་གཅུང་མོས་འཕྲོག་འགྲོ་བས་ཡིད་ཚིམ་པ་ཞིག་བལྟ་ཁོམ་མེད། ཕྱི་དྲོའི་ཆུ་ཚོད་བདུན་པ་ཟིན་པ་དང་ཡང་ཁ་པར་བསྡུ་བའི་དུས་ལ་སླེབས་ཟིན།
གུང་གསེང་བཞག་ནས་ཟླ་བ་གཅིག་ལྷག་ཕྱིན་པ་དང་། ཨ་ཕ་དང་ཨ་མ་ངེད་གསུམ་པོ་ལྷ་སར་སྨན་ཁང་དུ་ན་ཚ་བསྟེན་པར་ཕྱིན་པ་ཡིན། གཅུང་པོ་གཅུང་མོ་ཚོ་ཕ་ཡུལ་ལ་བཞག་པ་རེད། ང་ལམ་བར་དུ་གཉིད་ཁུག་ནས་མིག་གདངས་དུས་ནག་ཆུར་སླེབས་ཚར་འདུག ང་ཚོ་ཞག་གཅིག་ནག་ཆུ་ལ་བསྡད་ནས་ཕྱི་ཉིན་སྔ་པོ་ནས་ཡར་ལངས་ཏེ་མུ་མཐུད་ཆུ་ཚོད་གསུམ་བཞི་ཙམ་བསྐྱོད་རྗེས་ལྷ་ས་རུ་སླེབས། ཇ་ཁང་ནང་ནས་བོད་ཐུག་གཅིག་དང་སྒོ་ང་གཅིག་ཟོས་རྗེས་ཁྱིམ་དུ་ལོག་པ་ཡིན།
དེའི་ཕྱི་ཉིན་སྔ་པོ་ནས་ཡར་ལངས་པ་དང་། ཁ་ལག་མ་ཟོས་པར་སྨན་ཁང་དུ་བརྟག་དཔྱད་བྱེད་པར་བསྐྱོད། བརྟག་དཔྱད་བྱ་བར་སྨན་ཁང་དུ་ཆུ་ཚོད་གཉིས་ཙམ་འགོར་བ་དང་། ཕོ་ཤེལ་རྒྱག་པ་དང་རྒྱུ་ཤེལ་རྒྱག་པ་སོགས་བརྟག་དཔྱད་རིགས་མི་འདྲ་བ་ཐེངས་ཁ་ཤས་བྱས། སྨན་པས“ནད་ངོ་གསལ་པོ་མི་ཆོད་པས་དཔྱད་འབྲས་ལེན་པར་སང་ཉིན་ཤོག”ཅེས་གསུང་བྱུང་། ལྷ་སར་ཉི་མ་གསུམ་བཞི་ཞིག་སྡོད་རིང་སྨན་ཁང་དུ་འགྲོ་བ་ཕུད་ཉེ་འཁོར་གྱི་གནའ་ཤུལ་ཁག་ལ་ལྟ་སྐོར་དུ་ཐེངས་ཁ་ཤས་བསྐྱོད། དེ་ནས་སྨན་པའི་ས་ནས་སྨན་མང་པོ་ཞིག་བླངས་ཏེ་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན།
ང་ཚོ་ལོག་སྐབས་ང་ཚོ་ལྷན་དུ་ད་དུང་ཨ་ནེའི་ཁྱིམ་གྱི་ནང་མི་རྣམས་ཡོད། འདི་ནི་ངའི་གུང་གསེང་རིང་གི་གནས་ཚུལ་མདོར་བསྡུས་ཤིག་ཡིན་ནོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༥)
ཟུར་ཁྲིད་དགེ་རྒན། དགའ་བཟང་།