ལྡུམ་རའི་ནང་གི་རྩི་ཤིང་མྱུ་གུ་ས་ལས་ཐོན་པ་དང་། དགུན་དུས་བསགས་པའི་འཁྱགས་པའི་ཚོགས་ཀྱང་རིམ་བཞིན་ཞུ་འགོ་ཚུགས། མི་རྣམས་ཀྱིས་དྲོ་སྐྱིད་ལྡན་པའི་དཔྱིད་ཀ་ལ་བསུ་མ་བྱེད་བཞིན་འདུག
རྒྱུས་མངའ་ཡོད་པའི་སློབ་གྲྭའི་ནང་འགྲོ་བའི་སྐབས་སུ། ནམ་རྒྱུན་རྩེད་མོ་རྩེ་སའི་ཡུལ་དེ་དག་གོ་མེད་ཚོར་མེད་ངང་ནས་སྔོན་ཆད་དང་མི་འདྲ་བར་འགྱུར་བཞིན་འདུག མི་འདྲ་བ་གང་འདུག་ཟེར་ན། སློབ་གྲྭའི་གྲུ་ཁུག་གི་བཟོ་སྐྲུན་དུ་བཀོལ་མྱོང་བའི་ཤིང་ལེབ་ནག་པོ་དག་ཡར་བཀྱགས་ཚེ། དེའི་འོག་ཏུ་རྩྭ་ཕྲན་མང་པོ་མགོ་བོ་ལེབ་མོར་གྱུར་རུང་ད་དུང་གྱེན་དུ་འབུས་བཞིན་པ་མཐོང་ཐུབ་ལ། རྩྭ་ཡི་ཉག་མ་སྐྱེ་ཐུབ་སའི་གནས་གང་སར་ཡང་སྔོ་ལྗང་གི་རྩྭ་ལོ་འཚར་ཡོང་བ་རིག་ཐུབ།
ཕ་ཡུལ་གྱི་་སྤོ་བོའི་ཁྱིམ་ནང་དུ་བསྐྱོད་སྐབས། ཁོང་གིས་གུང་གསེང་སྐབས་ལྷ་ས་ནས་ཉོས་ཡོང་བའི་ཁམ་སྡོང་ཆུང་ཆུང་དེ་དང་ཀུ་ཤུའི་སྡོང་པོ་དེ་གཉིས་ལས་ཁམ་སྡོང་ཆུང་ཆུང་ལ་ལོ་མ་ཕྲན་བུ་འགའ་སྐྱེས་འདུག གནམ་གཤིས་ཀྱང་སྔོན་དང་བསྡུར་ན་ཚ་དྲོད་ཅུང་ཟད་ཆེ་རུ་ཕྱིན་འདུག་པ་མ་ཟད། རྩི་ཤིང་དག་ཀྱང་འཚང་ཀ་ཤིག་ཤིག་གི་ངང་ནས་སྐྱེ་ཡོང་གི་འདུག གྲང་ངར་ཆེ་བའི་རླུང་བུ་དེ་དག་བསིལ་རླུང་གི་ངོ་བོར་གྱུར་པ་དང་། རེ་འགར་འབྲུག་སྒྲ་གྲགས་ཤིང་གངས་མ་ཆར་སིབ་སིབ་ཏུ་བབས། ཉིན་མོ་རིང་ཞིང་མཚན་མོ་ཐུང་བའི་སྣང་ཚུལ་ཡང་མངོན་གསལ་དོད་ནས་དོད་དུ་འགྲོ་བཞིན་འདུག །
དཔྱིད་ཀ་སླེབས་པ་དང་ཞིང་པ་ཚོ་བྲེལ་འཚུབ་ཆེ་རུ་ཕྱིན་པ་དང་། འབྲོག་པ་ཚོ་ཡང་རྩྭ་ས་བརྗེ་ལ་བྲེལ། ཞིང་ལས་དང་འབྲོག་ལས་གཉེར་མཁན་དག་ལ་མཚོན་ན། དཔྱིད་ཀ་སླེབས་ཚེ་ཁོམ་པའི་དུས་ཤིག་ཧ་ལམ་མེད། ང་ཚོའི་ཕ་ཡུལ་ལ་ད་དུང་ཞོར་ལས་སུ་དབྱར་རྩྭ་དགུན་འབུ་བརྐོ་བར་བསྐྱོད་དགོས་པས་གྲ་སྒྲིག་བྱེད་རྒྱུ་དེ་གལ་ཆེན་པོ་རེད།
དཔྱིད་ཀའི་གནམ་གཤིས་ནི་བརྟན་པོ་མེད་པ་དང་། སྐབས་རེ་སྨུག་པས་རི་བོ་ཡོངས་འཐུམ་ཞིང་། སྐབས་རེ་གངས་ཆར་འདྲེས་མ་འབབ། ཡང་སྐབས་རེ་གྲང་རེག་བཟོད་དཀའ་བའི་རླུང་བུ་ཡང་ལྡང་། ཞོགས་པའི་དུས་སུ་སློབ་གྲྭའི་ནང་བྱ་བྱིའུ་ཡི་སྐད་སྙན་སྒྲོག་ཅིང་། སློབ་གྲྭར་སྔ་འབྱོར་བྱས་པའི་སློབ་མ་དག་གི་དཔེ་ཀློག་དང་སྐྱོར་སྦྱང་བྱེད་པའི་སྒྲ་ཡང་བར་མེད་དུ་གྲགས། སྦྲང་ཆར་སིམ་སིམ་དུ་འབབ་པ་དང་དྲོད་འཇམ་ཉི་འོད་ཀྱང་ལམ་ལམ་དུ་འཕྲོ། ས་གཞིའི་ཕང་བར་སྔོ་འཇམ་གྱི་རྩྭ་ཕྲན་གང་སར་སྐྱེས་པས་བདག་ལ་ལྷིང་འཇགས་ཀྱི་སྣང་བ་ཟད་དུ་མེད་པ་ཞིག་སྟེར།
དཔྱིད་ཀ་ནི་མྱུ་གུ་གསར་པ་སྐྱེས་པ་དང་དང་འདྲ་བར་ཡོད་ཚད་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཀྱང་ཡིན་པས། འདས་ཟིན་པའི་བྱ་བ་ལ་ཡིད་སྐྱོ་ནས་མི་སྡོད་པར་མ་འོངས་པའི་ལས་ལ་འབད་བརྩོན་བྱེད་དགོས་པ་ནི་གལ་ཆེའོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༣)
ཟུར་ཁྲིད་དགེ་རྒན། དགའ་བཟང་།