ཟླ་3པའི་ཚེས་8ཉིན། གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་སྨན་ཕུག་ཤང་སྒོ་མཚོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དང་མཉམ་དུ་“བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས་ནས། རྒྱང་སྐྱོད་ལམ་བུ་གསར་པར་འབད་བརྩོན་བྱེད།”“གསུམ་པའི་བརྒྱད་”ཀྱི་རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོའི་ནང་འཚམས་འདྲིའི་དངོས་རྫས་ཁྱོན་150ལྷག་ཙམ་སྤྲད་པ་དང་། བུད་མེད་ཀྱི་བདེ་ཐང་ཤེས་བྱའི་དྲིལ་བསྒྲགས་ལག་དེབ་92སྤྲད་པས་ཕན་པ་ཐོབ་པའི་བུད་མེད་140ཙམ་ཟིན་ཡོད་པ་རེད།
བྱེད་སྒོའི་སྐབས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ། བུད་མེད་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》《བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》《ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》《ལོ་ན་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས》སོགས་བུད་མེད་དང་བྱིས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་བྱར་འགྲེལ་བཤད་ཞིབ་ཕྲ་བྱས་ནས། བུད་མེད་མང་ཚོགས་ལ་བདེ་ཐང་སློབ་གསོ་དང་། རིམས་འགོག་སྨན་ཁབ་རྒྱག་པ། འཆར་ལྡན་བུ་བཙའ་སོགས་ཀྱི་དྲིལ་བསྒྲགས་དཔྱད་གཞི་ཁག་110ལྷག་ཙམ་སྤྲད་པ་རེད། དེ་དང་ཆབས་ཅིག་ཤེས་བྱའི་ལན་འདེབས་འགྲན་བསྡུར་དང་། རྐུབ་སྟེགས་འཕྲོག་པ། རྩམ་པ་སྐྱེལ་བ། སྐོར་བྲོ་འཁྲབ་པ། གླུ་ལེན་པ་སོགས་རོལ་རྩེད་ཀྱི་བྱེད་སྒོའི་རྣམ་གྲངས་བརྒྱུད། བྱ་དགའ་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་བཅས་དཔྱད་འདེམས་བྱས་པ་མ་ཟད། ཁ་བཏགས་དང་འདག་བཤེར། འཁྲུ་རྫས་ཕྱེ་མ། ཕྱིས་ཤོག་སོགས་བྱ་དགའ་ལ་སྤྲད་པ་རེད།
དྲིལ་བསྒྲགས་མཇུག་སྒྲིལ་རྗེས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོང་ཚོ་ཡོངས་ཀྱི་བུད་མེད་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུ་ཆེད་དངོས་རྫས་རིན་མི་དགོས་པར་སྤྲད་པས། སྒོ་མཚོ་གྲོང་ཚོའི་བུད་མེད་ཚོས་སྤྲོ་སེམས་སྔར་བས་ཁེངས་པོ་དང་འཐབ་འཛིང་གི་སྙིང་སྟོབས་སྔར་བས་མཐོན་པོའི་སྒོ་ནས་འཚོ་བ་དང་ལས་ཀའི་ནང་ཞུགས་ནས། “བུད་མེད་ཀྱིས་གནམ་ཕྱེད་ཀ་ཐེག་ཐུབ”ཞེས་པའི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བཏང་སྟེ། གྲོང་གསེབ་དར་རྒྱས་གོང་འཕེལ་ཡོང་བར་བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
བསོད་བསྟན་གྱིས་བསྒྱུར།