གལ་ཏེ་ད་ལྟ་བྱམས་དང་བརྩེ་བས་ཁེངས་པའི་གཡོ་ཆེན་གཉིད་འདི། ངའི་མི་ཚེ་གང་པོའི་ལམ་བུའི་ཁྲོད་ཀྱི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཞིག་འགྱུར་ན། བུ་ང་ནི་སློབ་རའི་ནང་དུ་རིག་པ་གསལ་ཤོས་ཀྱི་སློབ་བུ་ཞིག་ཡིན་པ་ཐེ་ཚོམ་ཅི། གལ་ཏེ་ཤེས་བྱ་རིག་གནས་སྦྱོང་བའི་སྡུག་བསྔལ་དང་ངལ་བ་དག་གཉིད་ཀྱིས་ཅུང་ཟད་བདེ་བ་རུ་བསྒྱུར་ན། བུ་ང་ནི་འཛམ་གླིང་ཡང་རྩེར་སྦྱངས་འབྲས་ལེགས་ཤོས་ཡིན་པར་དོགས་པ་ཅི། འོན་ཀྱང་དེ་དག་ནི་བུ་ངའི་འཁྲུལ་སྣང་ཙམ་མོ། །
ཐོ་རེངས་གི་སྐྱ་མདའ་དེ་ངའི་སྔས་མགོར་བཞག་པའི་ཆུ་ཚོད་སྟེང་དུ་འཕྲོས་པ་ན། བྱ་བྱིའུ་ཡི་སྐད་སྙན་དང་སྦྲགས་སློབ་གྲྭའི་སྐྱེད་ཚལ་དུ་ན་མཉམ་བློ་གསལ་སྦྲང་བུའི་འཕུར་བགྲོད་ཀྱི་སྐད་སྒྲས་གང་། ལག་ཏུ་རིག་ལྡན་ཤེས་རིག་ཀྱི་འབྱུང་རྩའི་བདག་པོར་གྱུར་པའི་དཔེ་དེབ་བཟུང་ནས་མཐའ་ཡས་མུ་མེད་ཀྱི་རྒྱ་མཚོར་ནོར་བུ་ལེན་པར་འགྲོ་དུས། བུ་གཉིད་རྐྱལ་ངའི་སེམས་ནང་དགའ་བ་དང་སྤྲོ་བ་མེད། སུན་སྣང་དང་སྡུག་བསྔལ་གྱིས་ཁེངས། མུ་མཐུད་གཉིད་ཀྱི་བདེ་བའི་ལམ་དུ་འགྲོ་རྒྱུ་བྱུང་ན་སྙམ་པའི་རེ་བས་དེ་རིང་སླར་ཡང་འཇིག་རྟེན་འདི་མཐོང་བའི་གོ་སྐབས་ཐོབ་པར་བདེ་སྐྱིད་མི་ཚོར། གཉིད་ཀྱི་གཡོ་སྒྱུ་དང་མགོ་སྐོར་བསླུ་བྲིད་འོག་མགོ་རྨོངས་པའི་བུ་ངའི་མདུན་ལམ་ནི་ཅི་འདྲའི་ཉམས་ང་བ་ལ། ཐ་ན་སློབ་ཚན་འཚོགས་པའི་སྐབས་སུ་ཡང་ཉ་བེ་ཉོབ་བེ་ཉལ་སྟབས་འཕྲོ་བརླག་བཏང་བའི་མི་ཞིག་དང་འདྲ་བར་ཅི་བྱ་གཏོལ་མེད་ཡིན། སྟེགས་བུའི་སྟེང་དུ་ཡོད་པའི་རྒན་ལགས་ཀྱང་དུམ་བུ་གཉིས་སུ་སོང་བའི་འཁྲུལ་སྣང་དུ་ཤར་ཞིང་ཁོང་གིས་བཤད་པའི་སྐད་ཆ་ནི་ཧྥ་རན་སིའི་སྐད་དང་འདྲ། ཅོག་ཙེའི་སྦྱང་དེབ་ཀྱི་ཡི་གེ་ཡང་གྱ་མ་གྱུ་ལས་མི་མངོན། འོན་ཀྱང་ང་དང་ན་མཉམ་པའི་གཞོན་ནུ་རྣམས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ལ་བརྩོན་ཞིང་མདུན་སྐྱོད་ཀྱི་ཐེམ་སྐས་འཛེག་བཞིན་པ་ནི་ངས་ཚོར་མི་ཐུབ། བུ་ཕྲུག་གི་ཆེད་དུ་ཡབ་ཡུམ་གཉིས་ཀྱིས་རྔུལ་ཆུའི་ཐིགས་པ་འཛག་བཞིན་པའི་སྐབས་དེར་བུ་ང་ནི་རྨི་ལམ་གྱི་གཤོག་ཟུང་སྐྱེས་ནས་གཉིད་ཀྱི་བདེ་བར་རོལ་བཞིན་ཡོད།
མཐོང་རྒྱུ་དང་རེག་རྒྱུ་མེད་པའི་གཉིད་ནི་གཡོ་སྒྱུ་ཆེ་བའི་ཨ་ཁུ་སྟོན་པ་དང་འདྲ། ཇུས་སྣ་ཚོགས་ཀྱིས་སྦྱིན་པའི་བདེ་བ་ཅུང་ཟད་དེ་ཕྱིན་ཆད་ཀྱི་སྡུག་བསྔལ་ལ་འགྱུར་བར་ངེས། ད་བུ་ང་དང་འདྲ་བའི་གཞོན་ནུ་གཉིད་རྐྱལ་རྣམས་གཉིད་ཀྱི་མགོ་སྐོར་འོག་མ་ཚུད། གསོན་ཤུགས་ལྡན་པའི་སྒོ་ནས་ང་ཚོའི་མ་འོངས་པ་འཚོལ་དུ་འགྲོའོ། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།