http://zw.xzqnb.cn/Content/weixinlogo.png
ང་རང་སློབ་ཆེན་དུ་སོང་བ་ནས་བཟུང་། དབྱར་དགུན་གང་གི་དུས་སུ་མ་གཏོ
http://zw.xzqnb.cn/m/content/2025-02/14/001063.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བཟའ་ཟླ་ལོ་གཞོན་གཉིས།

༄༅། །བུ་གཉིད་རྐྱལ།

༄༅། །ཕ་མའི་བྱམས་བརྩེ།

༄༅། །དུས་ཚོད།

等待处理…

༄༅། །བཟའ་ཟླ་ལོ་གཞོན་གཉིས།

作者 རྟ་མགྲིན་ཚེ་བརྟན།
2025年02月14日

ང་རང་སློབ་ཆེན་དུ་སོང་བ་ནས་བཟུང་། དབྱར་དགུན་གང་གི་དུས་སུ་མ་གཏོགས། ཁྱིམ་མཚེས་གཡས་གཡོན་གྱི་ན་ཟླ་ཚོའི་གནས་ཚུལ་གོ་བའི་སྐབས་ཧ་ལམ་མེད། དེ་ལྟར་ཡང་། གུང་གསེང་གི་བར་ལ་གོ་བའི་དོན་དག་ཕྲན་བུ་རེ་ལས་ཀྱང་། ཕ་ཡུལ་ལ་འགྱུར་བ་འགྲོ་བཞིན་པ་ཤེས་ཐུབ།

སྤྱིར་བཏང་སྐྱེས་པ་མང་པོ་འཚོགས་ས་ནས་ཡིན་མིན་གྱི་སྐད་ཆ་མང་པོ་གོ་རྒྱུ་ཡོད་རུང་། སྔོན་ཆད་ཡིན་ན། སུ་ཚང་གི་རྟའི་གོམ་འགྲོས་མགྱོགས་ཚུལ་དང་སུ་ཚང་གི་ཟོག་ལུག་གི་རྒྱུད་བཟང་ཚུལ་མ་གཏོགས་ཅང་མི་གོ དེ་ནི་གཅིག་བྱས་ན་ངས་དོ་སྣང་མ་བྱས་པས་ཡིན་སྲིད། ན་ནིང་གི་དབྱར་གསེང་སྐབས་སུ། ང་ཁྱིམ་མཚེས་ཤིག་ལ་ལུག་བལ་འབྲེག་རོགས་སུ་སོང་། ཐེངས་དེར་ངའི་ཆུང་དུས་ཀྱི་རྩེད་རོགས་ཤིག་ཁོ་ཚོའི་བར་སྐབས་ཤིག་གི་སྐད་ཆའི་གླེང་བྱར་གྱུར།

སྤུན་ལྟར་འདང་རྩིས་ཆེ་བའི་ངའི་གྲོགས་པོ་ཁོ་ནི་ཆུང་དུས་ནས་ཁྱིམ་མཚེས་གཡས་གཡོན་ཁྲོད་གྲགས་པ་ཡོད་པའི་མ་རབས་ཤིག་ཡིན་པས་མི་ཚད། སློབ་གྲྭ་ནས་ཀྱང་སྒྲིགས་ལམ་མི་བརྩི་མཁན་ཅིག་ཡིན། ཁོ་ང་ལས་ལོ་གཉིས་གསུམ་གྱིས་ཆེ་ལ་དམའ་འབྲིང་མཐར་ཕྱིན་རྗེས་རྒྱལ་ནང་དུ་ལོ་འགའ་ལས་ཀ་བྱས་ཤིང་རྗེས་སུ་ལྷ་སར་ཆང་ཁང་ཞིག་ཏུ་ལོ་གཉིས་ཙམ་ཞབས་ཞུ་བ་ཡང་བྱས་མྱོང་། གང་ལྟར་ཁོ་ངའི་སྔོན་ལ་སྤྱི་ཚོགས་འགྲིམས་པ་རེད། ན་ནིང་དཔྱིད་ཀ་ཙམ་ལ། ཁོས་རང་གི་དགའ་རོགས་ཡུལ་ལ་ཁྲིད་ཡོང་ཞིང་། ཁྱིམ་མཚེས་གཡས་གཡོན་གྱིས་ཁོང་ཚང་གི་མནའ་མ་རེད་ཟེར། མོས་ཁྱིམ་ལས་ཙག་ཙིག་རེ་བྱེད་ཀྱིན་ཡོད་ཚུལ་ཡང་གོ །

ཏག་ཏག་ལུག་བལ་འབྲེག་པའི་ཉིན་དེར། འབྲེག་རོགས་སྐྱེས་པ་ཚོས་ངའི་གྲོགས་པོ་བཟའ་ཟླ་གཉིས་ཀྱི་དོན་དག་ཅིག་གླེང་བ་དེས་ངའི་བསམ་གཞིག་གི་སྒོ་མོ་ཕྱེ། དེ་ཡང་ཁོ་ཚོའི་ཁྲོད་ཀྱི་སྐྱེས་པ་ཞིག་ཐེངས་ཤིག་ཁོ་ཚང་ལ་མགྲོན་དུ་སོང་དུས། ཐབ་ནང་གི་ཨོང་བ་འབར་ཚར་ཞིང་ཨོང་སྒམ་དུ་ཨོང་བ་ལེན་རན་དུས། མནའ་མས་རང་གི་ཁྱོ་ག་ཨོང་བ་ལེན་དུ་མངགས་པར། ཁོས་ཀྱང་མི་འགྲོ་སོགས་ཀྱི་ཚིག་མ་ལབ་པར་རང་འགུལ་གྱིས་ལེན་དུ་བུད་སོང་ཟེར་ནས་ཡ་མཚར་གྱིན་འདུག འོན་ཀྱང་ངས་བལྟས་ན་དེ་ནི་ཡ་མཚར་དགོས་པའི་དོན་ཞིག་མ་རེད། ཁྱིམ་གཅིག་ཏུ་བསྡད་རྗེས་གཅིག་ལ་གཅིག་རོགས་བྱེད་པ་ནི་ཧ་ཅང་འགྲིག་པ་ཞིག་རེད། ཡིན་ན་ཡང་དེར་འདུས་ཀྱི་སྐྱེས་པ་ཚོས་ངའི་གྲོགས་པོས་ཆུང་མའི་ཚིག་ལ་ཉན་ནས་ཁྱིམ་ལས་བྱེད་པ་དེ་ཤིན་ཏུ་མི་འོས་པ་ཞིག་ཏུ་རྩི་ཞིང་། ད་རུང་། ཁོ་ནི་ཁྱིམ་ཚང་དེ་གའི་བུ་ཡིན་པས། མནའ་མས་གང་འདོད་དུ་མངགས་ཀྱང་མི་འདོད་པའི་སྐད་ཆ་གཅིག་མེད་པ་ནི་ཤིན་ཏུ་ངོ་ཚ་དགོས་པ་ཞིག་རེད། རང་གི་ཁྱིམ་ནས་ཀྱང་ཆུང་མ་ལ་བཀོད་འདོམས་མི་ཐུབ་པའི་ཁར། ད་དུང་ཆུང་མས་ཅི་ཟེར་ལ་འཁང་ར་མེད་པར་བསྒྲུབས་རྐྱང་བྱེད་ཟེར་ནས་འཕྱ་སྨོད་དང་གད་མོ་ཡང་ཡང་དགོད།

ང་རང་ཚོའི་ཤ་གསེང་རུས་རྐང་དུ་ཐིམ་པའི་སྲོལ་རྙིང་དེ་འདྲ་ཤིན་ཏུ་མང་སྟེ། སྦྲ་ཞིག་གི་ནང་དུ་སྡོད་དུས་སུའང་སྡོད་ལུགས་མི་འདྲ་བ་ཡོད། སྦྲའི་གཡས་ལ་ཡ་རུ་ཞེས་སྐྱེས་པ་ཚོ་འདུག་ས་ཡིན་ལ་གཡོན་ལ་མ་རུ་ཞེས་སྐྱེས་མ་ཚོའི་འདུག་གནས་ཡིན། སྔོན་ཆད་སྦྲ་ནང་དུ་སྐྱེས་མ་ཞིག་ཡ་རུ་ནས་འདུག་སྲོལ་གཏན་ནས་མེད་ལ། བཟའ་མི་ཚང་མ་ཁྱིམ་དུ་འཛོམས་དུས་ཀྱང་སྐྱེས་མ་ཞིག་ཚ་ཐབ་ཀྱི་དཀྱིལ་ལམ་སྐྱེས་པ་ཚོའི་གོང་དང་ཡང་ན་གྲས་སུ་མི་འདུག་པར། ཕལ་ཆེར་དམའ་ས་ནས་འདུག་དགོས་པ་སོགས་ཀྱི་སྣང་ཚུལ་མང་པོ་ཡོད། ཁྱིམ་ཚང་ནང་དུ་བུ་དང་བུ་མོ་ན་མཉམ་པ་གཉིས་ཡོད་ན། བུ་མོ་དེས་བུ་ཚའི་ལྭ་བ་སོགས་ཅ་དངོས་ཀྱི་སྟེང་དུ་འགྲོ་མི་རུང་། ང་ཚོ་འབྲོག་ཁུལ་དུ་སྐྱེས་པ་ཚོ་དབྱར་ཚེས་ན་རྟ་རྒྱུག་དང་ཤིང་སློང་སོགས་སྐྱིད་པོ་རྐྱང་རྐྱང་ལ་ཆས་པ་དང་། སྐྱེས་མ་མང་པོ་ཁྱིམ་ཚང་ཕྱི་ནང་གི་ལས་ཀ་ལ་འབད་ནས་རྔུལ་ཆུ་གཏོར་བཞིན་ཡོད། གལ་ཏེ་ཆུང་མ་བཙན་པོ་ཞིག་ཡིན་ན། དེའི་སྐྱེས་པ་ལ་ན་མཉམ་ཚོས་འཕྱ་སྨོད་དང་ངོ་མཚང་འབྲུ་བར་བྱེད།

དེང་སང་དགོས་མེད་ཀྱི་སྲོལ་རྙིང་འགའ་རེ་ན་གཞོན་ཚོས་གཏོར་དང་གཏོར་བཞིན་པ་མང་པོ་ཞིག་གི་མིག་ལ་མི་རན་ཞིང་འཕྱ་སྨོད་བྱེད་པ་ནི་ཕྱོགས་གཅིག་ནས་བལྟས་ན། སྐྱེས་པ་ཕོ་ཡི་སྲོལ་རྒྱུན་གྱི་གོ་གནས་དམིགས་བསལ་བ་དེ་ལ་གཡོ་འགུལ་ཐེབས་ཀྱིན་ཡོད་པས་ཡིན་ཚོད། དེང་སྐབས་དར་མ་ཚོའི་ངག་ན་སློབ་གྲྭ་བ་ཚོས་ལས་ཀ་ཅི་ཡང་མི་ཤེས་པའི་སྡོམ་ཚིག་ཅིག་ཡོད་ལ། ད་རུང་རྒྱ་ལ་ལད་མོ་བྱས་ནས་མནའ་མ་ཚོས་བཀོལ་བཞིན་འདུག་ཅེས་པའི་གཏམ་ཞིག་ཀྱང་ལན་རེར་རྣ་ལམ་དུ་གྲགས་འོང་།

ད་ལྟའི་དུས་ལ། བཟའ་ཟླ་ལོ་གཞོན་དེ་གཉིས་ཁོ་ཚོའི་ཟ་འཐུང་རྗེས་ཀྱི་གླེང་བྱར་གྱུར་ཡོད་ན་ཡང་། མི་རིང་བའི་དུས་སུ་སློབ་གྲྭ་བ་མང་པོ་ཡུལ་ལ་ལོག་ནས་ཁྱིམ་གཞིས་སྐྱོང་ཡོང་། དེ་དུས་ཁོ་གཉིས་དང་འདྲ་བ་ཇེ་མང་ནས་ཇེ་མང་དུ་འགྲོ་ངེས་རེད་དོ། །

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་གླིང་གི་དངོས་གཞི་ལོ་རིམ་གསུམ་པའི་སློབ་མ།

ཟུར་ཁྲིད་དགེ་རྒན། ཟླ་བ་སྒྲོལ་མ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博