ཟང་ཟིང་མི་ཚོགས་དང་བྲལ་བའི་མཚན་མོ་ནི་ང་ལ་དབང་བའི་དུས་ཚོད་གཙང་མ་དེ་ཡིན། དེའི་དུས་སུ་ཉིན་མོའི་འདུ་འཛི་ཡིས་ཟང་ཟིང་མེད་ལ། གཞན་གྱི་ངོ་སོ་ཁོ་ནར་བསྟུན་དགོས་པའི་ཁ་མཁས་ལད་མོ་ཡང་མེད་པས། བརྟན་པ་མེད་པའི་སེམས་ཀྱི་གཡོ་བ་ལ་དྲན་ཤེས་ཀྱིས་བསྐུལ་ནས། ཐག་རིང་གི་ཡུལ་དུ་གནས་པའི་ཨ་ཕའི་སྐྱ་ཕྱེད་སྔོ་ཕྱེད་ཀྱི་སྐྲ་ལོ་དང་ལོ་ཟླའི་གཤེད་མས་བྲིས་པའི་གཉེར་མའི་ཆུ་རིས་ལ་བསམ་བཞིན། ཡུན་རིང་ཞིག་དྲན་གདུང་ལྕི་མོས་མནར་ནས་ལུས།
བསིལ་ཟེར་ཟླ་བ་ཟོར་དབྱིབས་ནས་ཉ་གང་དུ་འཕེལ་ལ། ཉ་གང་ནས་སླར་ཡང་མཁའ་དབྱིངས་ནས་མཐོང་མེད་དུ་ཡལ། མཛེས་ལྡན་མེ་ཏོག་བཀྲག་མདངས་ཆེ་ཡང་དུས་ཀྱི་ཕོ་ཉས་ཚོར་མེད་དུ་ས་རུ་ལྷུངས། མི་ཚེ་ཟེར་ཡང་འབྲེལ་འཚུབ་དང་དངངས་འདར་གྱི་འགྲུལ་བཞུད་ཅིག་ཡིན། དེ་སྔ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་ཕོ་གསར་དར་མ་དེ། ལོ་ཟླའི་བདུད་པོས་ནུབ་ཁའི་ཉི་མ་བཞིན་དུ་འདེད་བཞིན་འགྲོ།
ཨ་ཕ་ལགས། ཁྱེད་ཀྱིས་ངེད་ཚང་གི་ཆེད་དུ་སྐྱེས་རང་གི་ཕ་ས་བཞག་ནས་རྒྱུས་མེད་ཡུལ་དུ་རྔུལ་ཆུ་ཡི་ཐིགས་ཕྲེང་ཆད་མྱོང་ལ། བློ་ཕམ་དང་ཡི་ཆད་ཀྱི་གདུང་བ་ཡང་མང་པོ་མྱངས་མྱོང། ཁྱེད་ཀྱིས་བུ་ཕྲུག་ཚོ་ཡི་མདུན་ལམ་ལ་སེམས་ནས་རྐང་མཐིལ་གས་གས་བར་དུ་མི་ཚེ་ཕྱེད་ཙམ་འབད། དུས་ད་ཆ། ང་ཚོ་མིང་སྲིང་ཚོ་ལ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་དང་ཤེས་བྱ་རིག་པའི་གནས་ལ་སྦྱངས་པ་བྱེད་པའི་བསྐལ་བ་ཡང་བསྐྲུན་པས། ཁྱིམ་ཚང་དེ་དང་ང་ཚོ་བུ་ཕྲུག་ཚོ་ཡི་ལས་དབང་ལ་ཁ་ལོ་ཡོངས་སུ་བསྒྱུར།
ཨ་ཕ་ལགས། ཁྱེད་ཀྱི་ཆུང་དུས་ནས་བདག་ལ་ཕ་མེས་ཀྱིས་གནང་བའི་མགོ་བོ་མཐོན་པོ་དེ་གཞན་གྱི་རྐང་འོག་ཏུ་འཇོག་མི་རུང་བའི་བསླབ་བྱ་གནང་མྱོང་ལ། མི་མཐོན་པོའི་རིགས་ལ་ལྕེ་བསྣར་མགོ་སྒུར་བྱེད་མི་དགོས་པ་ཞིག་དགོས་ན་ཐོག་མར་རང་ལ་གཞན་ལས་ལྷག་པའི་ཡོན་ཏན་ཡོད་དགོས་པ། ཉམ་ཆུང་རིགས་ལ་ཐུབ་ཚོད་དབང་ཡོད་བྱེད་པ་ནི་གཞན་ལ་ངོ་གནོང་དགོས་པའི་ལས་ཞིག་ཡིན་པ་སོགས་ཀྱི་འཇིག་རྟེན་བསླབ་བྱའི་ལམ་སྟོན་མཛད་པ་དུས་ད་ལྟ་ཡང་སེམས་ན་གསལ་པོར་ངེས་ཡོད།
ཀྱེ་མ། བཀའ་དྲིན་ཅན་གྱི་ཨ་ཕ་ལགས། གལ་ཏེ། ཁྱེད་མེད་ན། བདག་ནི་འཇིག་རྟེན་ཡི་གནས་གང་ན་ཡོད་པ་མི་ཤེས་ལ། སྐྱེས་མི་ལུས་རིན་ཆེན་ཟེར་བའི་རྩ་ཆེའི་རིན་ཐང་ཡང་གང་ནས་ཤེས། གལ་ཏེ་ཁྱེད་མེད་ན། བདག་ནི་སྔར་ནས་ཁྲ་ཆིལ་གྱི་འཇིག་རྟེན་འདིའི་མུན་ཀློང་དུ་ཚུད་ནས་འབག་གཙོག་གི་དྲི་ཡི་དབྱེ་བ་དེ་ག་ལ་འབྱེད་ཐུབ་བམ། ཨ་ཕ་ལགས། བར་ཐག་གིས་ཆོད་པའི་ལུས་དེ་ནི་ཅི་འདྲའི་རྒྱང་བ་ཞིག་ཡིན་རུང་། བདག་གི་སེམས་པ་ནི་ནམ་ཡིན་ཡང་ཁྱེད་ཀྱིས་ཕྱོགས་སུ་འཁོར་ནས་ཡོད་ལ། ཁྱེད་དྲན་པའི་གདུང་བ་ཡང་མཁའ་དབུགས་དང་འབྲེལ་ནས་ཁྱེད་ཀྱི་ཕྱོགས་སུ་འཁོར་ནས་ཡོད་དོ། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།