དུས་ཚོད་ནི་དེ་འདྲའི་འགྲོ་མགྱོགས་པ་ལ་ཨང་། ཡུད་ཙམ་གྱིས་ང་ཚོ་ལོ་རིམ་བརྒྱད་པ་ལ་སླེབས་སོང་། མ་གཞི་བྱས་ན་ང་ཚོ་འཛིན་གྲྭ་དཀྲུགས་ནས་སློབ་ཁང་གསར་པ་ཞིག་ཏུ་སླེབས་པས། སློབ་གྲོགས་ཚོ་ཡིན་ནའང་འདྲ། དགེ་རྒན་ཚོ་ཡིན་ནའང་འདྲ་ཁོར་ཡུག་གསར་པ་དེར་ཆ་རྒྱུས་དེ་ཙམ་མེད་མོད། འོན་ཀྱང་དགེ་སློབ་རྣམས་འགྲོགས་བདེ་བས་ང་ཚོ་ཡུན་རིང་མ་སོང་བར་ཕན་ཚུན་གོམས་སོང་།
ངའི་སེམས་ནང་དུ་འཛིན་གྲྭ་ལྔ་པ་འདི་སྐྱིད་སྡུག་མཉམ་མྱོང་བྱེད་པའི་འཛིན་གྲྭ་ཞིག་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ང་ཚོའི་སློབ་གྲྭ་འདིའི་ནང་གི་སློབ་མ་བུ་མང་ཆེ་བ་རྐང་རྩེད་སྤོ་ལོ་རྒྱག་རྒྱུར་དགའ་པོ་ཡོད་པས། སློབ་གྲྭས་ཆེད་མངགས་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཞིག་སྤེལ་བ་རེད། ངས་བསམ་པར་བྱེད་སྒོ་འདི་ནི་སློབ་མ་བུ་ཚོའི་ངོས་ནས་བཤད་ན་ཧ་ཅང་དགའ་འོས་པའི་དོན་ཆེན་ཞིག་ཏུ་བརྩི་རུང་བར་སྙམ། ལྷག་པར་དུ་ང་ཚོའི་འཛིན་གྲྭའི་སློབ་མ་བུ་ཚོས་རྐང་རྩེད་སྤོ་ལོའི་འགྲན་སྡུར་སྤེལ་བའི་བརྡ་ཐོ་གོ་བ་ནས་བཟུང་། ཉིན་ལྟར་དགོང་མོའི་ཁ་ལག་ཟོས་ཚར་རྗེས་ལུས་རྩལ་ཐང་དུ་སྦྱོང་བརྡར་བྱེད་པར་འགྲོ་བ་དང་། འགའ་རེས་སློབ་གསེང་སྐབས་སུ་ཡང་སློབ་ཁང་རྒྱབ་ཀྱི་སྟོང་ཆ་ཡོད་ས་དེར་སྤོ་ལོའི་རྩལ་སྦྱོང་བྱེད་ཀྱི་ཡོད། དེ་ལྟར་ཉིན་ཁ་ཤས་ཕྱིན་པ་དང་། སྤོ་ལོའི་འགྲན་བསྡུར་རྒྱག་པའི་དུས་ཚོད་དངོས་ཐུག་སོང་། ང་ཚོའི་སློབ་ཁང་གི་བུ་ཚོས་དཀའ་སྡུག་མཉམ་མྱོང་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་འཛིན་གྲྭ་གཞན་དང་ཁྱོན་ཉིན་གསུམ་ཙམ་རྐང་རྩེད་སྤོ་ལོ་བརྒྱབ་པ་རེད། དེའི་མཇུག་འབྲས་ནི་ཐེངས་གཅིག་རྒྱལ་བ་དང་ཐེངས་གཉིས་ཕམ་པ་རེད། ཐེངས་གཉིས་ཕམ་པ་ལས་གཅིག་ནི་འགྲན་བསྡུར་དངོས་སྐབས་སུ་རྒྱལ་ཕམ་བྱུང་བ་མ་ཡིན་པར། སྤོ་ལོ་ཐད་ཀར་སྒོ་ནང་དུ་རྡོག་པས་གཞུ་རེས་བྱས་ཏེ་ཕམ་པ་རེད། མ་གཞི་ཕམ་སོང་རུང་ང་ཚོས་གཅིག་གིས་གཅིག་ལ་ཁག་དཀྲི་བ་དང་། ཡང་ན་ཕན་ཚུན་ཁོང་ཁྲོ་ལང་རེས་བྱེད་མ་མྱོང་། ཕམ་ཁ་བྱུང་བའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོ་མི་འཆམ་པ་དང་མི་སྐྱིད་པ་བྱས་ན་ག་ལ་འགྲིག འདི་འདྲའི་སྐབས་སུ་ང་ཚོས་སྡུག་གི་ཁུར་པོ་མཉམ་དུ་ཁུར་ནས་ཕན་ཚུན་བར་བསམ་ཤེས་བྱེད་དགོས། རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་དུ་ཚང་མས་ནུས་ཤུགས་ཡོད་རྒུ་བཏོན་ཡོད་པས། ང་ཚོར་མཐུན་སྒྲིལ་དང་སྙིང་སྟོབས་དེ་ཡོད་པས་མཇུག་འབྲས་ནི་གཙོ་བོ་མ་རེད།
དེ་བཞིན་འཛིན་གྲྭའི་ནང་ལ་ཆ་མཚོན་ནས་བཤད་ན། ང་ནི་འཛིན་དཔོན་གཞོན་པ་ཡིན་ཞིང་། གཙང་སྦྲའི་ས་ཁུལ་གྱི་གཙང་སྦྲའི་འགན་ངས་ཁུར་བཞིན་ཡོད་པས། ཞོགས་ཚོགས་གྲོལ་རྗེས་དེ་གར་ལྟ་རྟོག་བྱེད་པར་འགྲོ་དགོས། གད་རེས་སློབ་མ་ཚོས་ཕྱགས་མ་དང་རྐམ་པ། ཐལ་ཁྱེམ་བཅས་ཁྱེར་ནས་གཙང་སྦྲའི་ས་ཁུལ་དུ་བསྐྱོད་པ་དང་། དེར་སླེབས་རྗེས་ཚང་མས་གད་འཕྱག་པའམ་གད་སྙིགས་སྒྲུག་པ་སོགས་བྱེད། སློབ་མ་ཕལ་ཆེ་བ་དུས་ཐོག་ལ་འབྱོར་ཐུབ་པ་དང་། ཁ་ཤས་དོན་དག་ཏོག་ཙམ་ཡོད་ཚེ་ང་ལ་དགོངས་པ་ཞུས་ཏེ་དོན་དག་ཚར་རྗེས་འགོར་འགྱངས་མེད་པར་རྗེས་ཟིན་པ་སླེབས་ཀྱི་ཡོད། ཁོང་ཚོས་འཛིན་གྲྭའི་ནང་དུ་སྡུག་གི་ཁུར་པོ་མཉམ་དུ་ཁུར་ནས་གད་འཕྱག་པའམ། འཛིན་གྲྭའི་ལས་ཀ་སྤྱི་ལ་གཞོགས་འདེགས་ཚད་མེད་བྱེད་ཀྱི་ཡོད་པས། འཛིན་གྲྭའི་བྱ་བ་ཁག་འཐུས་ཤོར་ཧ་ལམ་འགྲོ་གི་མེད། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༥)
ཟུར་ཁྲིད་དགེ་རྒན། དགའ་བཟང་།