དབྱར་ཁ་ནི་སྐྱེ་བོ་མང་པོས་དགའ་ཤོས་བྱེད་པའི་དུས་ཚིགས་ཤིག་ཡིན། རྒྱུ་མཚན་ནི་དེའི་དུས་སུ་གནམ་གཤིས་ཚ་དྲོད་ལྡན་པ་དང་། རང་བྱུང་ཁམས་ཀྱི་མཛེས་ལྗོངས་ཀྱིས་ཡིད་རབ་ཏུ་འཕྲོག་པས། ཡུལ་སྐོར་སྤྲོ་འཆམ་ལ་བསྐྱོད་པའི་དུས་བཟང་ཁྱད་པར་ཅན་ཞིག་རེད།
ཡིན་ཀྱང་དབྱར་ཁར་དགའ་པོ་མི་བྱེད་མཁན་ཡང་ཡོད་ངེས་ཏེ། ཚ་དྲོད་ཆེ་བ་དང་དུག་སྦྲང་འབེལ་བ། བུང་བས་སོ་རྒྱག་པ་བཅས་བྱེད་པས། ཚ་དྲོད་ཆེ་བའི་ཡུལ་དུ་དབྱར་ཁར་དགའ་པོ་དེ་ཙམ་བྱེད་ཀྱི་མེད། ཚ་དྲོད་ཆེ་བའི་ཡུལ་མི་དག་དབྱར་དུས་སུ་ས་བབ་ཅུང་མཐོ་ལ་ཁ་བསིལ་བའི་བོད་ལྗོངས་སོགས་མཐའ་སྐོར་གྱི་ཡུལ་གྲུ་དག་ལ་ཚ་གཡོལ་དུ་བསྐྱོད། ང་ནི་དབྱར་ཁར་དགའ་པོ་ཡོད། རྒྱུ་མཚན་ནི་ང་རང་སྤོ་ལོ་རྒྱག་པར་དགའ་བས། དབྱར་དུས་ཀྱི་ས་སྲོད་ནི་གྲང་ངར་མེད་པར་ཚ་གྲང་ཤིན་ཏུ་སྙོམས་པས་ཡིན།
ད་ལོའི་དབྱར་ཁ་ནི་ལོ་གཞན་དང་མི་འདྲ་བར་མངོན་གསལ་གྱི་ཁྱད་ཆོས་དེ་ཙམ་མ་མཆིས་མོད། ད་ལོའི་དབྱར་ཁ་ནི་ན་ནིང་ལས་འབབ་ཞོད་ཆེ་བ་འདུག དེས་རྩི་ཤིང་རྒྱས་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་མོད། མི་རྣམས་ཀྱི་འཚོ་བ་ལ་གནོད་འཚེ་བཏང་བའི་ཆ་ཡང་མཆིས་ཏེ། དཔེར་ན། རི་ཉིལ་ནས་ལམ་བཀག་པ་དང་ཆུ་ལོག་རྒྱུག་པ་སོགས་རང་བྱུང་གནོད་འཚེ་མང་པོ་བྱུང་། དབྱར་དུས་འབབ་ཞོད་ཅུང་ཟད་ཆེ་བ་དང་ལམ་རྒྱུད་དུ་ས་བརྐོ་འཕྲུལ་འཁོར་མང་པོས་ལམ་སེལ་བྱེད་པ་མཐོང་ཐུབ།
ན་ནིང་དབྱར་ཁར་ང་རང་སློབ་ཆུང་ནས་ཐོན་རྗེས་ལྷ་སར་བསྡད་པ་ཡིན། ད་ལོ་ན་ནིང་དང་མི་འདྲ་བར་ང་རང་ཕ་ཡུལ་དུ་སློབ་གྲྭར་བསྐྱོད་བཞིན་ཡོད། ཕ་ཡུལ་ལ་ད་ལོ་ན་ནིང་གི་ལྷ་ས་བཞིན་དྲོད་ཚད་ཆེན་པོ་འདུག་མོད། ཆར་པ་འབབ་ཚད་ལྷ་ས་ལས་ཞེ་དྲག་གིས་མང་།
དབྱར་ཁའི་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚོད་ཡོལ་ཟིན་ན་ཡང་། ད་དུང་རྫ་རིའི་སྟེང་གི་རྩྭ་སྨན་གཡའ་གྲོ་བརྐོ་རྒྱུ་ལུས་ཡོད། སློབ་མ་མང་པོས་ངལ་གསོའི་རིང་ཕ་ཡུལ་དུ་ལོག་ནས་གཡའ་གྲོ་བརྐོས་ཏེ་ཞོར་ལས་བྱེད་ཀྱི་ཡོད་དོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༣)
ཟུར་ཁྲིད་དགེ་རྒན། དགའ་བཟང་།