ལོ་མང་སློབ་གཉེར་བྱེད་པའི་དུས་ཟླའི་ནང་བཤེས་གཉེན་ནི་ཕུགས་བསམ་གྱི་ལམ་བུ་ཀྱག་ཀྱོག་འདིའི་ཐོག་ང་ཚོར་སྟོབས་ཤུགས་དང་རོགས་རམ་མང་ཤོས་གནང་མཁན་དེ་ཡིན། དེ་ཡང་རྒན་ལགས་ཞེས་པའི་མིང་དེ་ནི་ཇི་འདྲའི་དཀྱུས་མ་ཞིག་རེད་ཨང་། ཁྱེད་ལ་རྔམ་བརྗིད་ཀྱི་ཟིལ་ཤུགས་མེད་ལ་མིག་དབང་འཕྲོག་པའི་མཛེས་སྡུག་ཀྱང་མེད། གཞན་སེམས་ཡོངས་སུ་བསླུ་བའི་གཡོ་ཁྲམ་ནི་དེ་བས་ཀྱང་མེད། རྒན་ལགས་ནི་རང་ཉིད་ཀྱི་ཡོད་ཚད་ཕངས་མེད་དུ་སློབ་མར་སྦྱིན་མཁན་ཞིག་ཡིན་པས། ང་ཚོས་སྙིང་ཐག་པ་ནས་བསྟོད་འོས་པ་ཞིག་དང་བཀུར་འོས་པ་ཞིག་རེད། རླབས་ཆེན་གྱི་སློབ་གསོའི་ལས་དོན་གཉེར་བཞིན་པའི་རྒན་ལགས་རྣམས་ལ་སེམས་གཏིང་ནས་གུས་འདུད་ཞུ།
དགེ་རྒན་ལེགས་པོ་ཞིག་དང་འཕྲད་ན་མ་འོངས་པའི་འཚོ་བའི་ནང་ཕན་ཐོགས་ཆེན་པོ་ཡོང་སྲིད། ངའི་སློབ་འབྲིང་གི་བོད་ཡིག་རྒན་ལགས་ནི་རྒན་ལགས་མང་པོའི་ནང་ནས་དགུང་ལོ་མཐོ་བའི་གྲས་ཡིན་ནའང་ཁོང་ལ་ཉིན་ལྟར་རྫོགས་མཐའ་མེད་པའི་ནུས་ཤུགས་ཡོད། ཁོང་ང་ཚོ་དང་མཉམ་དུ་ལུས་རྩལ་སློབ་ཚན་ཚོགས་པ་དང་ང་ཚོའི་འཛིན་གྲྭའི་རྐང་རྩེད་སྤོ་ལོའི་བརྩེ་རོགས་ཡག་ཤོས་དེ་ཡིན་ལ་འཚོ་བའི་དགེ་རྒན་ལེགས་ཤོས་དེ་ཡིན། སློབ་གྲོགས་རྩེད་མོའི་དོན་དུ་འཛིན་གྲྭ་གཞན་དང་རྩོད་པ་ཤོར་སྐབས་ཁོང་གིས་ང་ཚོར་གཤིས་ཀ་འཇམ་པོའི་ངང་ནས་མི་གཞན་དང་གནས་ཚུལ་གྲོས་བསྡུར་བྱེད་སྟངས་བསླབས་ཏེ་ང་ཚོའི་བར་གྱི་འགལ་བ་བསེལ།
སྤྱིར་ན་མི་སུ་ཞིག་ཡིན་རུང་འཚོ་བའི་ནང་དུ་ལས་ཀ་ཙག་ཙིག་འགའ་འཕྲད་མྱོང་། རྒན་ལགས་གཞན་དག་ཀྱང་སྐབས་རེ་ལས་ཀ་འགའ་ཡིས་སློབ་ཚན་གཅིག་གཉིས་ཙམ་དགོངས་པ་ཞུ་དགོས། འོན་ཀྱང་ཁོང་ལོ་གསུམ་གྱི་སློབ་ཁྲིད་བརྒྱུད་རིམ་ནང་སློབ་ཁྲིད་ནམ་ཡང་ཆད་མི་མྱོང་བ་དང་ཐ་ན་རྗེས་སུ་ལུས་པའི་དཔེ་ཡང་མེད། སློབ་ཁྲིད་བྱེད་དུས་ཀྱང་སུན་སྣང་མེད་པར་གོ་བདེ་བའི་ལམ་ནས་གསུངས་མཁས་པས་སློབ་མ་ཚོ་ཉན་པར་སྤྲོ། ཁོང་གིས“ད་ལྟའི་སློབ་མ་མང་པོ་ནི་བོད་ཡིག་སློབ་ཚན་ལ་སུན་སྣང་གི་བསམ་བློ་འཁྱེར་ཡོད། ངའི་རེ་བ་ལ་སློབ་མ་ཚང་མས་སློབ་ཚན་འདི་ནི་སྤྲོ་སྣང་དང་དོན་སྙིང་ལྡན་པ་ཞིག་རེད་བསམ་པ་ཞིག་བཟོ་གི་ཡིན”གསུངས། དེ་ཡང་ཁོང་གིས་བརྗོད་པ་ལྟར་སློབ་གྲྭ་ཐོན་སྐབས་ཚང་མའི་སེམས་ནང་ལ་སྤྲོ་ཤོས་ཀྱི་སློབ་ཚན་དེ་ནི་བོད་ཡིག་སློབ་ཚན་རེད། ང་ཚོའི་འཛིན་གྲྭའི་སློབ་མ་འགའ་རྨང་གཞི་ཅུང་ཙམ་སྐྱོ་བ་ཡོད། ཁོང་གིས་ཉིན་གུང་གི་སློབ་ཚན་དང་པོ་ང་ཚོར་རྩོམ་ཡིག་འབྲི་རུ་བཅུག་པ་དང་སློབ་མ་སྐྱོ་བ་འགའ་ལ་དམིགས་བསལ་གྱི་ཟུར་ཁྲིད་བྱས་པས། འབྲིང་རྒྱུགས་སྐབས་སུ་ང་ཚོའི་འཛིན་གྲྭའི་བོད་ཡིག་ནི་ལོ་རིམ་གྱི་ཨང་དང་པོ་ཡིན།
ཁོང་སློབ་གྲྭ་དེར་སླེབས་པ་ནས་བཟུང་། ཟོལ་མེད་ཀྱི་ལྷག་བསམ་དང་རྒྱུན་ཆགས་ཀྱི་བརྩོན་འགྲུས། འགྱུར་མེད་ཀྱི་ཤ་ཞེན་བཅས་ལ་བརྟེན་ནས་དཀའ་སྡུག་གང་ལའང་མ་འཛེམས་པར་བློ་སེམས་རྩེ་གཅིག་གིས་སློབ་ཁྲིད་གནང་། ང་རང་སློབ་ཆུང་ནས་མཐོ་འབྲིང་གི་དུས་རིམ་འདིར་འཛེགས་པའི་བར་དུ་སྔ་ཕྱིར་དགེ་རྒན་བཅུ་ཕྲག་ལྷག་ཙམ་བསྟེན་མྱོང་། ཤེས་རབ་དང་ཡོན་ཏན་གྱི་མཐོ་ཚད་ངས་གདེང་འཇོག་བྱེད་མི་ཐུབ་ནའང་ཁོང་ནི་རྒན་ལགས་མང་པོའི་ནང་ནས་ངའི་སེམས་ནང་བག་ཆགས་ཟབ་ཤོས་དེ་ཡིན། ཁོང་ལ་ལྡན་པ་ནི་རྟག་བརྟན་གྱི་བློ་སྟོབས་དང་འགྱུར་མེད་ཀྱི་ཡིད་ཆེས། ལན་བརྒྱར་ཕམ་ཡང་དཔའ་མི་ཞུམ་པའི་སྙིང་རུས་དེ་ཡིན། ད་ལྟའི་བར་དུ་ཁོང་གིས་གནང་བའི་བཀའ་སློབ་དག་ང་རང་ལ་དཀའ་ངལ་འཕྲད་སྐབས་གདོང་ལེན་བྱེད་པའི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཀྱང་ཡིན། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།