འདི་ནི་སྟོད་ལུང་བདེ་ཆེན་ཆུས་གཡུ་ཐོག་རིག་གནས་ཡུལ་སྐོར་གྱི་འགོ་ཚུགས་མཛད་སྒོ་དང་མིང་ཐའེ་བུམ་པའི་སྒོར་གཞས་འགྲན་བསྡུར་ཆེ་མོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་རིགས་མཐུན་སྒྲིལ་སྤྱི་གླིང་དུ་གཉེར་བའི་རྣམ་པ་རེད།
ཉེ་ཆར་སྟོད་ལུང་བདེ་ཆེན་ཆུས་གཡུ་ཐོག་རིག་གནས་ཡུལ་སྐོར་གྱི་འགོ་ཚུགས་མཛད་སྒོ་དང་མིང་ཐའེ་བུམ་པའི་སྒོར་གཞས་འགྲན་བསྡུར་ཆེ་མོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་རིགས་མཐུན་སྒྲིལ་སྤྱི་གླིང་དུ་གཉེར་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་གྲོང་རྡལ(ཁྲོམ་ལམ)མི་འདྲ་བ་དང་ལས་རིགས་ཁོངས་གཏོགས་ནས་ཡོང་བའི་མང་ཚོགས་སྐོར་བྲོ་ཞབས་བྲོའི་འཐུས་མི་རུ་ཁག་བཅུ་ཡིས་འགྲན་བསྡུར་བྱས་ཤིང་། ཞབས་བྲོ་མཁས་ཅན་ཚོས་ལུས་ལ་སྲོལ་རྒྱུན་གྱི་རྒྱན་གོས་གྱོན་ནས་རྔ་རྡུང་དང་བསྟུན་ནས་ཞབས་བྲོ་འཁྲབ་སྟེ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྤྲོ་སེམས་དང་གསོན་ཤུགས་མངོན་པ་རེད།
བོད་ཀྱི་རིག་གནས་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་སྐོར་བྲོ་ཞབས་བྲོའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་དང་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་ལ་བརྟེན་ནས་ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་དུས་ཚིགས་དེ་བཀྲག་མདངས་འཚེར་སའི་ཡུལ་དུ་གྱུར་ཡོད། འགྲན་བསྡུར་ཁྲོད་སྣེའུ་ཆུང་ཁྲོམ་གཞུང་སྒོར་གཞས་འཐུས་མི་རུ་ཁག་གིས་འཁྲབ་སྟོན་བྱས་པའི《ཆུ་གསུམ་སྒོར་གཞས》ཞེས་པར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། སྟོད་ལུང་བདེ་ཆེན་ཆུས་སྣེའུ་ཆུང་སྲང་ལམ་གྱི་བྲོ་གཞས་འཐུས་མི་རུ་ཁག་གི་འཁྲབ་སྟོན་པ་བདེ་གཡང་གིས་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ང་ཚོའི་འཁྲབ་སྟོན་གྱིས་མི་དེ་བས་མང་བ་སྟོད་ལུང་དུ་རྩེད་མོར་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྒོར་གཞས་འགྲན་བསྡུར་ཆེ་མོའི་ནང་བྱ་དགའ་ཨང་དང་པོ་དང་། བྱ་དགའ་ཨང་གཉིས་པ། བྱ་དགའ་ཨང་གསུམ་པ། རྩ་འཛུགས་བྱ་དགའ། དྲ་རྒྱའི་བརྒྱུད་སྤེལ་བྱ་དགའ་བཅས་རེ་རེ་བཟོས་ཡོད་པ་རེད། ཞིབ་དཔྱད་ཨུ་ལྷན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་མཱ་གྲོང་སྒང་ཅི་གྲོང་ཚོ་ནས་ཡོང་བའི་སྐོར་བྲོ་འཐུས་མི་རུ་ཁག་ལ་ད་ཐེངས་ཀྱི་མིང་ཐའེ་བུམ་པའི་ཞབས་བྲོའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད།
ད་ཐེངས་ཀྱི་བྱེད་སྒོར་ཡུལ་སྐོར་བ་དང་གྲོང་མི་མི་ཉུང་བ་ཞིག་ཞུགས་རྒྱུའི་ཡིད་དབང་བཀུག་པ་དེ་ནི་སྟོད་ལུང་བདེ་ཆེན་ཁུལ་གྱི་བསྡུ་སྒྲིལ་ས་ཁོངས་ནང་གི་ཡུལ་སྐོར་ཐོན་ཁུངས་ཤིག་ཡིན་ལ། ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཁྱད་ལྡན་ཡུལ་སྐོར་ཐོན་རྫས་གཏོད་པ། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།
ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སྲིད་གཞུང་གིས“འདུ་ཤེས་ཆེན་པོ་ལྔ”དང“འཕེལ་རྒྱས་གལ་ཆེ་མཉམ་ལྔའི”བསམ་ཕྱོགས་མུ་མཐུད་མཐའ་འཁྱོངས་བྱས་ནས“སྨན་གྱི་ཕ་ཡུལ་དང་ཟློས་གར་ཕ་ཡུལ”གྱི་སྤུས་རྟགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འབྱུང་འགྱུར་ཟླ་བ་གཅིག་ནང་སྟོད་ལུང་བདེ་ཆེན་ཆུས་སྲིད་གཞུང་གིས་ཅིང་ཏུང་•གཡུ་ཐོག་རྟ་རྒྱུག་འགྲན་ཚོགས་དང་། སྐྱོར་མོ་ལུང་ཕྱོགས་ཁག་གི་བོད་ཀྱི་ཟློས་གར་འགྲེམས་སྟོན་དང་དེ་བཞིན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་རིག་གནས་སྣ་མང་རང་བཞིན་སྔར་བས་མངོན་པར་བྱེད་རྒྱུ་ཡིན་པ་རེད།
བསོད་བསྟན་གྱིས་བསྒྱུར།