ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས“ལས་རིགས་ཀྱིས་འབྱུང་འགྱུར་ལ་སྣེ་ཁྲིད་བྱེད། ལྗོངས་ཕྱིར་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད། 2024ལོའི་ལས་ཞུགས་བོད་སྐྱོར་གྱི་ཆེད་དོན་ལས་བསྡུའི་འདུ་ཚོགས”འཚོགས་པ་དང་ཧྲང་ཧའེ་གྲོང་ཁྱེར་དང་ཧྲན་ཏུང་ཞིང་ཆེན་གྱི་ཁེ་ལས་88ཀྱིས་ཐེམ་ཁུངས་གཞིས་རྩེ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་ལས་ཀ་འཚོལ་མཁན་གྱི་གྲུབ་ཆ་དང་རིག་གནས་ཆུ་ཚད་དང་ཟུང་འབྲེལ་བྱས་ཏེ་ལས་གནས་5200ལྷག་ཙམ་མཁོ་འདོན་བྱས་ནས་རྒྱ་ཆེའི་ལས་ཀ་འཚོལ་མཁན་དང་། ལྷག་པར་དུ། མཐོ་སློབ་སློབ་ཐོན་སློབ་མ་ཐབས་ལམ་མང་བ་དང་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱ་ཆེད། ལས་ཞུགས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད།
ད་རེས་ཀྱི་ལས་ཞུགས་བོད་སྐྱོར་གྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་དེ་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་། ཧྲང་ཧའེ་གྲོང་ཁྱེར་མི་སྤྱི་ཅུས། ཧྲན་ཏུང་ཞིང་ཆེན་མི་སྤྱི་ཐིང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་གཞིས་རྩེ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གཉེར་འགན་འཁུར་ཡོད། ལས་གནས་ལ་རྩིས་པ་དང་། ཁྲོམ་རའི་ཚོང་གཉེར། མི་ཤུགས་ཐོན་ཁུངས་དོ་དམ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པས་རིམ་པ་མི་འདྲ་བ་དང་། ཆེད་ལས་མི་འདྲ་བ། རིགས་མི་འདྲ་བ་བཅས་ཀྱི་ལས་ཀ་འཚོལ་མཁན་གྱི་དགོས་མཁོ་སྐོང་ཐུབ་རྒྱུ་རེད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་སྲིད་ཇུས་བློ་འདྲིའི་ཁུལ་དང་། ལས་ཞུགས་མཛུབ་ཁྲིད་ཁུལ། དམངས་ཕན་ཞབས་ཞུའི་ཁུལ། ངལ་གསོའི་ཁུལ་བཅས་བཀོད་སྒྲིག་བྱས་ནས་གཅིག་འཐུས་རྣམ་པའི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་ཡོད། བསྡོམས་རྩིས་ལ་གཞིགས་ན། ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་ཐོག་ལས་ཞུགས་འདོད་མོས་ཡོད་པའི་མི་267ཡོད་པ་རེད།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།