ཏིང་ཏིང་ཞེས་པའི་དྲིལ་སྒྲ་གྲགས་པ་དང་ཕྱི་དྲོའི་སློབ་ཚན་གསུམ་པ་འཆར་ཡན་དང་ལྡན་པའི་ངང་ནས་མཇུག་སྒྲིལ་སོང་། ད་རེས་ཀྱི་དྲིལ་བརྡ་དེ་རྣམ་ཀུན་དང་མི་འདྲ་བར། དེས་སོས་ཀའི་མེ་ཟླུམ་དེ་ལ་ཕེབས་སྐྱེལ་བྱས་པས་རྟ་བདུན་དབང་པོ་ནུབ་ཕྱོགས་ཀྱི་སྐྱ་ཐལ་རི་བོའི་རྩེར་རང་ཉིད་ཀྱི་ཆེས་མཐའ་མའི་ཟིལ་རྔམ་དེ་ངོམས་བཞིན་དུ་ཕེབས་ཀྱིན་འདུག
ཉིན་བྱེད་ཀྱི་འོད་ཟེར་ཆུ་འཛིན་རྡོག་པོར་འཕྲོས་ཙ་ན། མཁའ་ཡི་ལྷ་མོས་ནོར་འཛིན་སྒེག་མོའི་ངོས་སུ་གསེར་མདོག་གི་ཡོལ་བ་ཞིག་ཞི་འཇམ་ངང་འཐེན་པ་དང་གཉིས་སུ་མ་མཆིས་ལ། དེ་དང་དུས་མཚུངས་ལས་དབང་གཅིག་པའི་ཤེས་བརྩོན་སློབ་བུ་རྣམས་ཀྱང་བཞུད་ལ་ཉེ་བའི་ཉི་ཟེར་ཕྲན་ཙམ་ཐོབ་ཕྱིར་མུ་ཟིའི་སྒམ་ཆུང་གྱེན་དུ་བླངས་འདྲའི་སློབ་རའི་ཁང་ཆེན་གྲུ་བཞིའི་ནང་ནས་མུ་ཁྱུད་ཕྲེང་བ་བསྟར་བ་བཞིན་གཅིག་རྗེས་གཉིས་མཐུད་ངང་ཕྱིར་ཐོན་ནས་རང་ཉིད་ཀྱི་ལང་ཚོའི་སྐྱེ་སྟོབས་དང་དཔལ་ཡོན་མཐའ་དག་རྟ་བདུན་དབང་པོའི་གཟི་བྱིན་ལ་སྒྲོན་པར་བྱེད།
སློབ་གྲྭའི་ཁོར་ཡུག་ནང་ཉི་ཟེར་གྱི་བཀྲག་མདངས་དེ་འདྲ་ཞིག་གི་འོག་ཏུ་ཀུ་རེ་དང་དགོད་སྒྲའི་ཁྲོད་ཤེས་བྱའི་གཙུག་ལག་ལ་མྱུལ་བའི་དུས་ཚོད་ནི་ཇེ་ཉུང་དུ་འགྲོ་བ་ཚོར་གྱིན་འདུག དེ་འདྲར་བློ་ཞིབ་མོས་བརྟག་ཅིང་དཔྱད་སྐབས་གློ་བུར་དུ་ཏིང་ཏིང་གི་སྒྲ་དེ་སླར་ཡང་བདག་གི་ཡིད་སེམས་ཀྱི་མཚོ་མོའི་དབྱིངས་སུ་གྲགས་བྱུང་། དེ་ནི་ཕལ་ཆེར་རྒྱང་རིང་གི་གྲུ་ཁ་ནས་གྲགས་ཡོང་བའི་མགོ་ནག་ཀུན་ལ་ཐོས་བསགས་ཀྱི་འབོད་སྐུལ་གཏོང་བའི་ཅོང་ཆེན་གྱི་རྔམ་སྒྲ་དེ་ཡིན་ལ། དུས་ཀྱི་བདག་མོས་བློ་གསར་གཞོན་སྐྱེས་ཀུན་ལ་འབད་རྩོན་གྱི་དྲིལ་བརྡ་གཏོང་བ་ཡང་ཡིན་ངེས། དེ་མུར་བདག་གིས་མཚན་སྦྱོང་གོང་གི་འཆར་གཞིར་བཙུད་པའི་སྐྱོར་སྦྱང་གི་དཔེ་ཆ་དེ་ག་ལེར་མཆན་ཁུང་ན་བཙིར་ནས་བདག་ཁོ་ནར་དབང་བའི་བསྟི་གནས་ཆུང་ཆུང་དེར་ཕྱོགས་ནས་བསྐྱོད་དོ། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།