http://zw.xzqnb.cn/Content/weixinlogo.png
ལོ་ངོ་བཅུ་གྲངས་ཤིག་གི་གོང་དུ་ཆོམ་རྐུན་དང་འདྲ་བའི་དགུན་དུས་བྲ
http://zw.xzqnb.cn/m/content/2024-07/26/000776.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ང་རི་མོ་འབྲི་རྒྱུར་དགའ་པོ་ཡོད།

༄༅། །ང་རང་མཐོ་རྒྱུགས་ཀྱི་གཡུལ་ས་ལས་རྒྱལ་འདོད།

༄༅། །གོ་སྐབས་འདི་ཤོར་བའི་སྐབས་སུ།

ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས།

等待处理…

༄༅། །ང་རང་མཐོ་རྒྱུགས་ཀྱི་གཡུལ་ས་ལས་རྒྱལ་འདོད།

作者 རྡོ་རྗེ་རྒྱལ་མཚན།
2024年07月26日

ལོ་ངོ་བཅུ་གྲངས་ཤིག་གི་གོང་དུ་ཆོམ་རྐུན་དང་འདྲ་བའི་དགུན་དུས་བྲོས་ཏེ་རེ་བས་ཁེངས་པའི་དཔྱིད་ཀ་ཞིག་སླེབས་བྱུང་། དཔྱིད་རླུང་བསིལ་བསིལ་དུ་ལྡང་ཞིང་ཉི་འོད་དྲོ་སོབ་སོབ་ཏུ་འཕྲོ་བའི་ཉིན་ཞིག བུད་མེད་གཅིག་གིས་ཟླ་དགུ་ཙམ་ཉིན་མཚན་མེད་པར་ལུས་ཐོག་ཏུ་འཁྱེར་བའི་རྡོག་ཁྲེས་འདི་ན་ཟུག་དང་བཅས་ཏེ་ཙིར་ཙིར་ཟེར་བཞིན་ས་ལ་ལྷུངས་སོང་། དུས་དེ་ནས་བཟུང་བདེ་སྐྱིད་དང་ལྡན་པའི་འཇིག་རྟེན་འདིའི་ཐོག་ཏུ་ང་རང་གི་ལོ་རྒྱུས་ཀྱི་ཟིན་ཐོར་འགོད་གོམ་པའི་རི་མོ་འབྲི་འགོ་ཚུགས། ཟིན་ཐོ་འདི་ནི་བསྐྱར་ལོག་བྱེད་ཐབས་བྲལ་བ་ཞིག་ཡིན། དེ་ནས་རིམ་གྱིས་བཅུ་དྲུག་ལང་ཚོའི་གཟི་མདངས་རབ་དུ་རྒྱས་པ་དང་སྦྲགས་ང་རང་ཡང་དངོས་སུ་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཞིག་ཏུ་གྱུར། མ་འོངས་པའི་ཟླ་གཉིས་ལྷག་གི་རྗེས་སུ་ང་དང་ངའི་སློབ་གྲོགས་ཚོའི་ངོས་ནས་བརྗོད་ན་ཤིན་ཏུ་གལ་ཆེ་ལ་འགག་རྩར་འགྱུར་པའི་དམག་འཐབ་ཞིག་བྱེད་དགོས་ཀྱི་ཡོད། དེ་ནི་མཐོ་རྒྱུགས་ཞེས་པ་དེ་རེད།

བྱ་ཁུ་བྱུག་མོན་ཡུལ་ལ་འཕུར་ཡང་སླར་ལོག་པའི་དུས་ཞིག་ཡོད། སྟོན་ཁའི་ལྕང་ལོ་ས་ལ་ལྷུང་ཡང་སླར་སྐྱེ་བའི་དུས་ཞིག་ཡོད། དགུན་མེ་ཏོག་སད་ཀྱིས་བཅོམས་ཀྱང་སླར་བཞད་པའི་དུས་ཞིག་ཡོད། འོན་ཀྱང་། ན་གཞོན་ལགས། ང་ཚོ་ཡི་ལང་ཚོ་འདི་འདས་ཟིན་ཚེ་སླར་ཡང་ཡོང་བའི་དུས་ཤིག་ནི་ཡེ་ནས་མེད་པས། ང་ཚོས་མིག་མདུན་དུ་ཆུ་ལྟར་རྒྱུགས་པའི་དུས་ཚོད་འདིར་དམ་འཛིན་བྱས་ཏེ་མྱུར་དུ་བཅར་ལ་ཉེ་བའི་གཡུལ་ས་དང་འདྲ་བའི་མཐོ་རྒྱུགས་འདིར་གྲ་སྒྲིག་ཨང་གསར་ཞིག་བྱས་ཏེ་གཡུལ་ས་འདི་ལས་ངེས་པར་རྣམ་པར་རྒྱལ་བ་ཞིག་བྱེད་དགོས་ཨང་། གནའ་མིའི་གཏམ་དཔེར། མི་ལ་བརྩོན་འགྲུས་ལྡན་འགྱུར་ན། འཇི་རྟེན་འདི་ན་དཀའ་བ་མེད། སློབ་སྦྱོང་ནི་དཀའ་སྡུག་གིས་ཁེངས་པ་ཞིག་ཡིན། དེ་ལས་ལྡོག་ཏེ་ཉིན་ལྟར་ཉི་མ་གང་འཁྱོལ་གྱིས་རྩེད་འཇོ་དང་རྣམ་གཡེང་བཅས་བྱས་ནས་སྡོད་པ་ནི་འདི་འདྲའི་སྣང་བ་སྐྱིད་པོ་ཞིག་རེད། འོན་ཀྱང་འདི་ལྟར་བསྡད་ཚེ་མཐོ་རྒྱུགས་དེ་ལས་ཕམ་པ་ནི་སྨོས་ཅི་དགོས། དེ་ལས་ཕམ་ཚེ་ཁྱེད་ཀྱི་མ་འོངས་པའི་མི་ཚེ་ལྷག་མ་ལོ་ཉི་ཤུ། སུམ་ཅུ་ཡང་ན་དེ་བས་ཀྱང་རིང་བ་དེ་དག་ནི་སྨག་རུམ་དུ་འགྲོ་བ་དང་གཉིས་སུ་མེད། འོ་ན་གཞོན་དུས་སུ་དཀའ་བ་སྤྱད་ནས་རྣམ་གཡེང་དང་རྩེད་འཇོར་མགོ་མ་འཁོར་བར་མདུན་ལམ་གྱི་ཆེད་དུ་སློབ་ལ་སྦྱངས་ཚེ། རང་ཉིད་ལ་མཐོ་རྒྱུགས་མ་ཚད་གནས་ཚུལ་གང་འཕྲད་ཀྱང་འདི་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན།

མིའི་མི་ཚེ་ནི་མཚོ་སྟེང་གི་རྦ་རླབས་དང་འདྲ། སྐམ་སའི་མཐའ་རུ་གནས་པའི་བྲག་རྡོ་ཞིག་དང་མ་འཕྲད་ན་རླབས་ཕྲེང་དེ་འཇགས་མི་སྲིད་ལ། གཅིག་རྗེས་གཉིས་མཐུད་ཀྱི་རྦ་རླབས་དེ་དག་མེད་ན་ངོ་མཚར་དང་མཚར་སྡུག་ལྡན་པའི་རླབས་ཕྲེང་ནི་འབྱུང་མི་སྲིད། མ་གཞི་ང་ཚོར་མཐོ་རྒྱུགས་ཀྱི་མཇུག་འབྲས་ཇི་ལྟ་བུ་ཞིག་ཐོབ་ཀྱང་མི་ཚེ་སྐྱེལ་མི་ཐུབ་པ་ཞིག་ནི་གཏན་ནས་མིན་ཀྱང་ཁྱོད་དེ་ལས་ཕམ་ཚེ་མཚར་སྡུག་འོད་སྟོང་འབར་བའི་མི་ཚེ་ཞིག་ནི་ཧ་ཅང་དཀའ་བའི་འབྲས་བུ་ཞིག་ཡིན། འོན་ཀྱང་དེ་ལས་རྒྱལ་ཚེ་ཁྱོད་ཀྱི་མི་ཚེ་མ་མཐར་ཡང་འགྱོད་པ་མེད་པ་ཞིག་ཏུ་འགྱུར་བ་ནི་སྨྲ་ཅི་དགོས།

འདས་ཟིན་པའི་ལོ་གཉིས་ནི་སྤྲིན་ནག་གིས་ཁེངས་པའི་ནམ་མཁའ་ཞིག་དང་མཚུངས་ཏེ། ངས་བླང་དོར་མི་ཐུབ་པའི་བྱིས་པའི་བློ་ཞིག་ཁྱེར་ནས་དུས་ཚོད་མང་ཆེ་བ་རྣམ་གཡེང་གི་གདའ་བར་བྱས།

ད་ཆ་ང་རང་རྨོངས་པའི་གཉིད་ལས་བསད། །འདས་འདས་ལོ་དང་ཟླ་ཡི་འཁོར་ལོ་རྣམས། །ལྷུང་ལྷུང་འབབ་པའི་ཆུ་རྒྱུན་བཞིན་དུ་རྒྱུགས། །མཛེས་མཛེས་ལྷ་ས་མཐོ་འབྲིང་གཉིས་པ་ཡི། །བརྩོན་བརྩོན་སློབ་བུའི་ཕུགས་བསམ་མེ་ལྕེ་འབར། །མཐོ་མཐོ་འབྲས་བཟང་ཐོབ་པའི་སྨོན་འདུན་ཞུ། །སློབ་མ་ཚོའི་མཐོ་འབྲིང་གི་དུས་དེ་ནི་མི་གཅིག་གི་མི་ཚེའི་ནང་ཐེངས་གཅིག་མ་གཏོགས་མེད་པས་ང་ཚོས་ཤེས་བྱ་ཡི་ཐང་དཀར་རྒོད་པོ་ལ་བརྩོན་འགྲུས་ཀྱི་གཤོག་ཟུང་རྒྱས་ཤིང་རིག་གཞུང་གི་ནམ་འཕང་བཅད་དེ་དཀའ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱས་ནས་ང་ཚོ་མ་འོངས་པའི་ཕྱོགས་སུ་རྒྱུགས་འགྲོ། གཟིགས་དང་ང་ཚོའི་མ་འོངས་པས་ང་ཚོར་ལག་བརྡ་བྱེད་ཀྱིན་འདུག་གོ །

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༣(༣)

ཟུར་ཁྲིད་དགེ་རྒན། ཉི་མ་མཚམས་གཅོད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博