སྤྱིར་མི་སོ་སོར་རང་ཉིད་ཀྱི་དགའ་ཕྱོགས་ལ་དཔག་པའི་དགེ་མཚན་རེ་ཡོད་ངེས། ང་རང་ནི་རི་མོ་འབྲི་རྒྱུར་དགའ་པོ་ཡོད། དགའ་ཕྱོགས་དེ་ནི་ལོ་རིམ་གསུམ་པའི་རི་མོའི་སློབ་ཚན་ལས་འགོ་བཙུགས་ཏེ་བྱུང་བ་ཡིན།
རི་མོའི་སློབ་ཚན་འཚོགས་དུས་རྒན་ལགས་ཀྱིས་སློབ་མ་ཚོར་རང་གི་འབྲི་དེབ་ཐོག་ལ་རི་མོ་རེར་བྲིས་ཟེར། ང་ཚོས་རི་མོ་བྲིས་ཚར་རྗེས་རྒན་ལགས་ཀྱི་ཕྱག་ཏུ་ཕུལ་བ་དང་། རྒན་ལགས་ཀྱིས་རི་མོ་རེ་རེ་བཞིན་གཟིགས་རྗེས་སྨྲས་པ། “བསམ་སྐྱིད་ཟེར་བ་སུ་རེད”ཟེར། སློབ་མ་ཚང་མས་ངའི་གདོང་ལ་བལྟས། དེ་ནས་རྒན་ལགས་ཀྱིས་ང་ལ་བསྟོད་བསྔགས་བཏང་བྱུང་། ང་ངོ་ཧ་ཅང་ཚ་བ་མ་ཟད་སེམས་སུ་དགའ་སྣང་ཚད་མེད་སྐྱེས། ད་དུང་རྒན་ལགས་ཀྱིས་ང་རི་མོའི་འགོ་འཛིན་པར་བསྐོས་བྱུང་བས་སེམས་སུ་དགའ་བའི་མེ་ཏོག་བཞད།
དེ་ནས་བཟུང་། རི་མོའི་སློབ་ཚན་སྐབས་ངའི་སེམས་ནི་ཉི་མ་ཤར་བ་དང་མཚུངས་ལ། ནན་ཏན་གྱིས་རང་གི་རི་མོ་འབྲི་བའི་ནུས་རྩལ་ཡར་རྒྱས་གཏོང་ཐབས་བྱས། དུས་རྒྱུན་སློབ་གྲྭའི་ཕྱི་ནང་གི་རི་མོའི་འགྲན་སྡུར་ཁག་མང་པོའི་ནང་དུ་ཧུར་བརྩོན་གྱིས་ཞུགས་པ་དང་། དེ་སྔ་འབྲི་རུ་རྫོང་གི་རྫོང་རིམ་པའི་རི་མོའི་འགྲན་སྡུར་ནང་དཔེ་བཟང་ཐེངས་གཉིས་རག་པ་དང་སློབ་གྲྭའི་ནང་ཐེངས་མང་པོ་རག་མྱོང་ཡོད།
སློབ་འབྲིང་དུ་སླེབས་རྗེས། ང་ཚོའི་འཛིན་གྲྭའི་ནག་པང་ཚགས་པར་གྱི་རི་མོའི་ནང་དོན་ནི་ང་དང་བསྟན་འཛིན་ཚེ་སྐྱིད། བསྟན་འཛིན་མཚོ་མོ། སྟོབས་ལྡན་བཀྲ་ཤིས་བཅས་ཀྱིས་འགན་ཁུར་བཞིན་ཡོད་པས། ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་འཛིན་བདག་གི་མངགས་བྱ་བཞིན་ལེགས་སྒྲུབ་ཐུབ་པ་བྱེད་ཀྱི་ཡོད། དགུན་ཁའི་གུང་གསེང་སྐབས་ངས་རི་མོ་ཞིག་བྲིས་ཏེ་ང་ཚོའི་འཛིན་བདག་ལ་བསྐུར་བས། རྒན་ལགས་ཀྱིས་རི་མོ་དེ《གངས་རྒྱན་ན་ཆུང་ཚགས་པར》གྱི་རྩོམ་སྒྲིག་པར་བསྐུར་ནས་ད་ལོའི་ཟླ་གསུམ་པའི་ཚེས་བཅུའི་པར་ངོས་བཞི་པ་རུ་འཁོད་ཡོད་ཅེས་གསུངས་བྱུང་།
ད་ལོའི“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་བསྐྱོད”ཀྱི་བྱེད་སྒོ་སྐབས་གསུམ་པའི་ནང་སློབ་མའི་རི་མོའི་འགྲན་སྡུར་ཡང་འདུག་པས། ངའི་རི་མོའི་བརྩམས་ཆོས་ལ་དགེ་རྒན་གྱི་གདེང་འཇོག་བཟང་པོ་ཐོབ་རྐྱེན་ང་རང་སློབ་གྲྭའི་འགྲན་ཞུགས་ཀྱི་སློབ་མའི་གྲས་སུ་ཚུད། རི་མོའི་དགེ་རྒན་གྱིས་ཉིན་གུང་དང་ཕྱི་དྲོའི་དུས་ཚོད་བེད་སྤྱད་ནས་རི་མོའི་རྨང་གཞི་ཅུང་ཟད་ཡོད་པའི་སློབ་མ་ཚོར་ཆེད་དམིགས་ཀྱི་སློབ་ཁང་ཞིག་ཏུ་བསྐོངས་ནས་རི་མོ་འབྲི་རྒྱུར་ཁྲིད་སྟོན་གནང་གི་ཡོད་པས། ངའི་རི་མོ་འབྲི་བའི་བསམ་བློ་གཏོང་ཕྱོགས་སམ་བློ་ཁོག་ཆེ་རུ་ཕྱིན་པ་མ་ཟད། འབྲི་བའི་རྩལ་ཡང་ཡར་རྒྱས་ཅུང་ཟད་ཕྱིན་ཡོད།
ངས་མུ་མཐུད་དེ་རི་མོར་སློབ་སྦྱོང་ཡག་པོ་བྱས་ཏེ། རྗེས་སུ་རི་མོ་མཁས་ཅན་ཞིག་ཆགས་པ་བྱེད་རྒྱུ་ཡིན། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༣)
ཟུར་ཁྲིད་དགེ་རྒན། དགའ་བཟང་།