འདི་ནི་གྲོས་མཐུན་འཇོག་སའི་གནས་ཡུལ་ཡིན།
ཉེ་ཆར་བོད་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་དང་བོད་ལྗོངས་ཀའོ་ཡོན་ཨན་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་དབར་དུས་ཡུན་ལོ་ལྔའི་ཐབས་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད། བོད་ལྗོངས་ཀའོ་ཡོན་ཨན་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་ལག་བསྟར་གཙོ་འཛིན་པ་ཀེ་ཝུན་ཅུན་དང་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལུའེ་ཡིའུ་ཅུན་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས་པ་རེད།
གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་ཕྱོགས་གཉིས་པོས་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་ལག་བསྟར་བྱས་ཚུལ་དང་ཁེ་ལས་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཐུན་མོང་ཐོག་དོ་ཁུར་བྱེད་པའི་བོད་ཀྱི་ཆེད་དོན་དང་བླངས་པའི་བོད་ཀྱི་འཚོ་བ་དང་ཞབས་ཞུ། ལས་ཞུགས་སོགས་ཐད་ཀྱི་དགོས་མཁོར་ཁ་ཕྱོགས་གཏིང་ཟབ་སྤེལ་རེས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཉམ་ལས་གྲོས་མཐུན་བཞག་ཚེ་བོད་ཀྱི་ཆེད་དོན་དང་བླངས་པར་ལོ་ལྟར་རིན་ཐང་ཁྲི་310ལྷག་ཙམ་གྱི་ལ་དུག་འགོག་ལུས་ཁམས་བདེ་སྲུང་སྨན་རྫས་དང་ཉེ་འགོག་གྱོན་ཆས་སོགས་གཅེས་སེམས་དངོས་ཟོག་མཁོ་འདོན་བྱས་ནས། བོད་ཀྱི་ཆེད་དོན་དང་བླངས་པས་གངས་ལྗོངས་ས་མཐོའི་བདེ་ཐང་ལ་ཞབས་ཞུ་དང་ལས་བཀུར་ལེགས་སྐྱེས་ཕུལ་ནས་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་རེད།
ལུའེ་ཡིའུ་ཅུན་གྱིས་བོད་ལྗོངས་ཀའོ་ཡོན་ཨན་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀུང་སིས་བོད་ཀྱི་ས་ཆ་དངོས་ནས་འཕེལ་རྒྱས་བྱུང་ནས་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཏོད་ནས། ཚོང་ལས་རིན་ཐང་དང་སྤྱི་ཚོགས་རིན་ཐང་ཐུན་མོང་ཐོག་དར་རྒྱས་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད། དེ་དང་ཆབས་ཅིག་དངོས་ཟོག་བགོས་འགྲེམས་ལས་དོན་ཡག་པོ་བསྒྲུབས་ནས་བོད་ཀྱི་ཆེད་དོན་དང་བླངས་པ་ཚང་མར་ཕན་པ་གྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།
ཀེ་ཝུན་ཅུན་གྱིས“སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་དང་གཅེས་སེམས་བརྒྱུད་སྤྲོད་བྱ་རྒྱུའི”འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱ་ཆེའི་བོད་ཀྱི་ཆེད་དོན་དང་བླངས་པར་ནུས་པས་གང་ལྕོགས་ཀྱིས་རོགས་རམ་དེ་བས་མང་བ་བྱས་ཏེ་དང་བླངས་པའི་རྒྱབ་ཕྱོགས་རོགས་སྐྱོབ་ཡག་པོ་བྱ་རྒྱུ་ཡིན་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།