གྱང་སྟེང་དུ་བཀལ་བའི་ཆུ་ཚོད་ལས་ང་ཚོས་དུས་ཚོད་ནི་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་རྒྱུག་འགྲོ་བ་རྟོགས་ཐུབ། ང་རང་ཡང་འཇིག་རྟེན་མི་ཡུལ་འདིར་སླེབས་ནས་ལོ་ཡི་ཉག་མ་བཅུ་དྲུག་ཙམ་ཕྱིན་འདུག འོན་ཀྱང་ད་བར་བདག་ལ་བྱམས་ཤོས་དང་བརྩི་ཤོས་གནང་མཁན་ནི་ཡུམ་ཆེན་ཁྱེད་ཉིད་ལས་མེད།
འོད་ཟེར་ཆེམ་ཆེམ་འཕྲོ་བའི་སྤྱན་ཟུང་ནི་ཐོ་རེངས་སྐར་ཆེན་དང་འདྲ་བར། བདག་གི་མི་ཚེའི་མདུན་ལམ་གྱི་ཁ་ཕྱོགས་སྔར་ལས་གསལ་བར་བྱེད་ཅིང་། ཁྱེད་ཀྱི་ཞལ་རས་ནི་རི་བོང་འཛིན་དང་འདྲ་བར་དཀར་པོ་དེ་ཙམ་མེད་རུང་། འཛུམ་མདངས་དང་བྱམས་བརྩེས་ངའི་མི་ཚེར་འོད་སྣང་བསྩལ།
གུས་མོས་དེ་རིང་བདག་དང་མ་ཡུམ་བར་གྱི་དོན་ཆུང་ངུ་ཞིག་བརྗོད་པར་འདོད་དེ། དགུན་ཁའི་གུང་གསེང་སྐབས་ང་དང་མ་ཡུམ་ལྷན་དུ་ལྕི་བ་སྒྲུག་པར་སོང་། ས་འདིར་གཡང་གཟར་དང་གྲོག་རོང་མང་བས་ངས་གཟབ་གཟབ་མ་བྱས་པར་ཁ་པར་གྲོག་རོང་ནང་དུ་ལྷུངས། ངས་ཨ་མའི་གམ་དུ་སོང་ནས་ཁ་པར་ཟག་པའི་གནས་ཚུལ་བརྗོད་སྐབས། ཐོག་མར་ཨ་མས་སྡང་མིག་བགྲད་དེ། “གཟབ་གཟབ་བྱོས་ཞེས་བཤད་མ་བྱུང་ངམ”སྐད་ཤུགས་ཆེན་པོས་ང་ལ་གཤེ་གཤེ་བྱུང་མོད། དེ་མུར་དུས་ཚོད་ཅུང་ཟད་ཕྱིན་པ་དང་ཡང་ངག་འཇམ་པོས། “གཙོ་བོ་བུ་མོ་རང་ལ་སྐྱོན་མ་བྱུང་ན་འགྲིག ནོར་མི་རྟག་རྩྭ་ཁའི་ཟིལ་པ་འདྲ”ཞེས་སེམས་གསོ་བྱས་བྱུང་མོད། དོན་དུ་ཨ་མས་ཀྱང་ཁ་པར་ལ་ཕངས་སེམས་བྱེད་བཞིན་པ་ངས་རྟོགས་ཀྱི་ཡོད། ངས་ཨ་མར་ལྟ་ཙམ་བྱས་ཏེ་དབུགས་རིང་ཞིག་བཏང་ནས་ “ཨ་མ་རང་ང་སྒུག་ཨང་། ང་རང་ཁ་པར་འཚོལ་བར་འགྲོ”ཞེས་ལམ་ལ་ཆས་རྩིས་བྱས་པས་“ཁྱོད་ལ་སྲོག་ཀྱང་མི་དགོས་སམ”ཞེས་གཤེ་གཤེ་བཏང་བྱུང་།
ཡུད་ཙམ་ནས་ཨ་མས་ངག་འཇམ་པོས“ད་སྐྱོན་མེད། ངས་ཁྱོད་ལ་ཁ་པར་གསར་པ་ཞིག་ཉོས་ཆོག”ཟེར། སྐབས་དེར་ང་རང་དགའ་སྣང་དང་སྐྱོ་སྣང་ཅིག་ཅར་དུ་སྐྱེས་ཤིང་། ཨ་མས་རྒྱུན་དུ་བསགས་བསགས་གྲུང་གྲུང་གིས་རང་ལ་མཁོ་བའི་ཅ་ལག་གཅིག་ཀྱང་ཉོ་མི་ཕོད་མོད། བུ་ཕྲུག་གི་ཆེད་དུ་སེར་སྣ་སྤུ་ཙམ་མེད་པའི་གནང་སྟངས་འདི་ལས་གནམ་འོག་ཨ་མའི་བྱམས་བརྩེ་ནི་ཇི་འདྲའི་རླབས་ཆེ་བ་ཞིག་ཡིན་པ་རྟོགས་ཐུབ་ལ། ང་རང་འཚར་ལོངས་བྱུང་རྗེས། སྒོར་མོ་མང་པོ་བསགས་ནས་ཨ་མར་ལག་རྟགས་སྣ་ཚོགས་ཉོ་བའི་དམ་བཅའ་ཡིད་ལ་རྡོ་བརྐོས་རི་མོ་བཞིན་བཞག །
མ་ཡུམ་ལགས། ཁྱེད་སྐུ་ལས་ཁག་སོང་། བསྐྱངས་པའི་བུ་མོ་ང་ད་ལྟ་སློབ་སྦྱོང་ལ་འབད་པ་ལྷུར་ལེན་བྱེད་དང་བྱེད་མུས་ཡིན་ལ། ངས་ཁྱེད་ཀྱི་བཀའ་དྲིན་འཇལ་རྒྱུ་ཡིད་ནས་ནམ་ཡང་བརྗེད་མི་སྲིད་དོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༡༣)
མཛུབ་ཁྲིད་དགེ་རྒན། རྒྱ་ལོད།