དགེ་བའི་བཤེས་གཉེན་ནི་ང་ཚོ་སློབ་མ་ཞིག་གི་ངོས་ནས་བཤད་ན་རྩ་ཆེ་ཤོས་ཀྱི་སྐྱེ་བོ་ཞིག་ཡིན། ཕུལ་དུ་བྱུང་བའི་སློབ་མ་ཞིག་ཆགས་པར་དགེ་རྒན་གྱིས་རང་གི་ཡོད་ཚད་བློས་གཏོང་བྱས་ནས་དཀའ་ལས་ཚད་མེད་བཀྱོན་ཡོད་པ་ནི་སྨོས་མེད་རེད། ང་ལ་ཡང་ང་རང་གི་མི་ཚེའི་ཁྲོད་དུ་ཤེས་རིག་གི་མུན་པ་སེལ་མཁན་གྱི་དགེ་བའི་བཤེས་གཉེན་མང་པོ་ཞིག་འཕྲད་མྱོང་ཡོད། དེ་དག་གི་ཁྲོད་ནས་ངའི་བོད་ཡིག་རྒན་ལགས་ནི་ང་ལ་ཤ་ཚ་ཆེ་ཤོས་དང་དགའ་ཤོས་གནང་མཁན་གྱི་དགེ་བའི་བཤེས་གཉེན་ཞིག་ཡིན། ཁོང་གི་དུས་གང་ཞིག་ཡིན་རུང་ངའི་བོད་ཡིག་སྦྱངས་འབྲས་ལ་ཐུགས་ཁུར་དང་དོ་སྣང་ཧ་ཅང་ཆེན་པོ་གནང་གི་ཡོད། ནམ་རྒྱུན་སྐྱོར་སྦྱངས་གང་ཞིག་ཡིན་རུང་ང་ལ་སློབ་མ་གཞན་དང་མི་འདྲ་བར་རྒན་ལགས་སྐུ་ངོ་མས་ངག་སྐྱོར་གྱི་ནང་དོན་རྩིས་ལེན་གནང་གི་ཡོད། དངོས་གནས་ངའི་བོད་ཡིག་གི་སྦྱངས་འབྲས་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་ནི་བོད་ཡིག་རྒན་ལགས་ཁོང་གི་བཀའ་དྲིན་ཡིན།
མ་གཞི་བྱས་ན་ང་རང་མཐོ་འབྲིང་ཡག་པོ་ཞིག་ལ་ལོན་པའི་རེ་བ་གཅིག་ཀྱང་མེད། ཡིན་ནའང་ངས་འབྲིང་རྒྱུགས་ལ་བོད་ཡིག་སྐར་གྲངས་བརྒྱ་དང་བཅུ་གསུམ་བཏང་བ་དེས་ང་རང་མཐོ་འབྲིང་ཡག་པོ་ཞིག་ཏུ་སླེབས་བྱུང་། དེ་འདྲའི་གྲུབ་འབྲས་བྱུང་བ་ནི་སློབ་འབྲིང་བོད་ཡིག་རྒན་ལགས་ཀྱིས་ང་ལ་རེ་བ་ནན་པོ་བཅོལ་བས་ཡིན་ལ་ངས་ཀྱང་དཀའ་ལས་ཚད་མེད་བརྒྱབ་པའི་འབྲས་བུ་ཡང་ཡིན། དགེ་རྒན་ཁོང་རང་གི་ལུས་ལ་ནད་གཞི་ལྗིད་པོ་ཕོག་ཡོད་པ་ཤེས་ཀྱང་སློབ་ཚན་འཐུས་ཤོར་གཏན་ནས་མི་གནང་། ཁོང་གིས་ཕྱོགས་ཞེན་མེད་པར་སློབ་མ་ཐམས་ཅད་རང་རང་གི་བུ་ཕྲུག་ལྟ་བུར་བརྩིས་ཏེ་ངང་རྒྱུད་རིང་པོའི་སྒོ་ནས་བུམ་པ་གང་བྱོའི་ཚུལ་གྱིས་སློབ་མ་རྣམས་ལ་ཤེས་བྱ་རིག་གནས་བསླབས། ཁོང་གིས་ཤེས་བྱ་རིག་གནས་ཨང་དང་པོར་འཛིན་གྱི་མེད། ཁོང་གིས་རང་གི་ཀུན་སྤྱོད་ཨང་དང་པོར་འཛིན་པ་དང་ནམ་རྒྱུན་སློབ་ཚན་ཚོགས་པའི་སྐབས་སུ་བསམ་བློ་ཀུན་སྤྱོད་ཐད་ལ་རེ་བ་ནན་པོ་བཅོལ་ནས་སློབ་ཚན་གྱི་དུས་ཚོད་ཕྱེད་ཀ་ཙམ་ང་ཚོར་སློབ་གསོ་གཙོ་བོར་འཛིན་གྱི་ཡོད། ཚུལ་དང་མི་མཐུན་པའི་སློབ་མ་ཁ་ཤས་ཀྱིས་ཁོང་ནི་སྐུ་ཤ་འབྱོར་ཙམ་ཡོད་པའི་རྐྱེན་གྱིས་ཁོང་ལ་མཐོང་ཆུང་དང་དམའ་འབེབས་བྱེད་ཀྱི་ཡོད། སློབ་མ་དེ་ཚོ་མཐོང་ཚེ་ང་རང་ཁོང་ཁྲོ་གཏིང་ནས་སྐྱེས་ཀྱི་འདུག རྒན་ལགས་ལ་འཕྱ་སྨོད་བྱེད་མཁན་མང་ཆེ་བ་ནི་ནམ་རྒྱུན་སྦྱངས་འབྲས་ཡག་པོ་མེད་པའི་སློབ་མ་ཤ་སྟག་ཡིན། ཁོ་ཚོས་བོད་ཡིག་སློབ་ཚན་ཚོགས་པའི་སྐབས་སུ་སྒྲིག་ཁྲིམས་གཏོར་བཤིག་གཏོང་བ་སོགས་ཚུལ་དང་མི་མཐུན་པའི་བྱ་བ་འགའ་ཞིག་བརྩམས་པས་སློབ་མ་ཁ་ཤས་ཀྱི་སྦྱངས་འབྲས་ལ་གནོད་འཚེ་མང་པོ་བཏང་ཡོད། སློབ་གྲོགས་དེ་འདྲ་བ་ནི་དུག་ཆེན་ཞིག་དང་གཉིས་སུ་མ་མཆིས།
སློབ་མ་ང་རང་གི་ངོས་ནས་བཤད་ན། བོད་ཡིག་དགེ་རྒན་གྱིས་ང་རང་བོད་ཡིག་སྐྱོར་དཔོན་ལ་བདམས་པར་དགའ་ཚོར་ཆེན་པོ་སྐྱེས་བྱུང་། ངས་ཀྱང་ནམ་རྒྱུན་སློབ་ཚན་མ་འཚོགས་གོང་ལ་སློབ་མ་རྣམས་ལ་སྦྱངས་ཟིན་པའི་སློབ་ཚན་གྱི་ནང་དོན་བསྐྱར་སྦྱོང་བྱེད་པ་དང་། སློབ་ཚན་འཚོགས་པའི་སྐབས་སུ་སློབ་ཚན་ཡག་པོ་མི་ཉན་པའི་སློབ་མ་དག་གི་མིང་ཐོ་བཀོད་ནས་རྒན་ལགས་ལ་ཕུལ་བ། སློབ་ཚན་གྲོལ་རྗེས་སློབ་མ་རྣམས་ལ་བོད་ཡིག་ཟུར་ཁྲིད་སོགས་བྱས་པས་ང་ཚོའི་བོད་ཡིག་སྦྱངས་འབྲས་ཡར་རྒྱས་ཆེན་པོ་བྱུང་། དེ་ལས་ང་ཚོས་དོན་དག་གང་ཞིག་སྒྲུབ་ཀྱང་བློ་གཅིག་སེམས་གཅིག་གིས་འབད་བརྩོན་བྱས་ན་གྲུབ་འབྲས་ཡག་པོ་ཞིག་ཐོན་གྱི་རེད་སྙམ་གྱི་འདུག དེ་ནས་ནམ་རྒྱུན་བོད་ཡིག་དགེ་རྒན་ལ་མི་དགའ་བའི་སློབ་མ་རྣམས་ཀྱིས་བོད་སྐད་ཡིག་གི་སློབ་ཚན་དེ་ལ་ལྟ་སྟངས་ཡོངས་སུ་འགྱུར་འདུག་པས། བོད་ཡིག་སྦྱངས་འབྲས་ཀྱང་ཡག་ཐོག་ཡག་བརྩེགས་ཡིན། ང་ཚོའི་སློབ་གྲོགས་དང་བོད་ཡིག་དགེ་རྒན་གྱི་འཛུམ་དམུལ་དམུལ་གྱི་ཞལ་རས་དེ་མཐོང་དུས་ངའི་སེམས་ནང་དངོས་གནས་ཚ་སོབ་སོབ་ཀྱི་སྣང་བ་ཞིག་སྐྱེས་བྱུང་།
ངའི་བོད་ཡིག་སྦྱོང་བའི་འདུན་པ་ཡོངས་སུ་འཕེལ་ནས་བོད་ཡིག་ནི་ཚན་ཁག་དཀྱིལ་ནས་ངས་དགའ་ཤོས་བྱེད་པའི་སློབ་ཚན་ཞིག་ཏུ་གྱུར་སོང་། བྱས་ཙང་ངས་སློབ་འབྲིང་ཙམ་མ་ཟད་མཐོ་འབྲིང་ལ་ཡང་མུ་མཐུད་འབད་བརྩོན་བྱས་ནས་ཕྱིས་སུ་མི་ཚང་མས་ཡིད་སྨོན་འཆོར་བ་ཞིག་བྱེད་ཀྱི་ཡིན། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༡༤)
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།