འགྲོ་བ་མིའི་རིགས་ཀྱི་གྲོགས་པོ་ཚོ། ཁྱེད་ཚོས་ཐམས་ཅད་ཡིད་འོང་གི་སྒྱུ་མའི་མིག་འཕྲུལ་གྱིས་བསྐྲུན་པ་ལྟ་བུའི་ནོར་འཛིན་གོ་ལ་འདི་ཡི་སྟེང་དུ་འཚོ་ཞིང་གནས་ཡོད་ལ། ཁེར་རྐྱང་གི་གོ་ལ་འདིའི་སྟེང་ན་མེད་ན་མ་གཏོགས་ཡོད་པ་ཐམས་ཅད་མིག་མདུན་གྱི་ལོངས་སྤྱོད་དུ་བརྩིས་ནས་གང་དགའ་གང་སྐྱིད་བྱེད་བཞིན་ཡོད་ལགས།
འོན་ཀྱང་ཁྱེད་ཚོས་བསམ་བློ་ཞིབ་ཕྲ་ཞིག་ཐོངས་དང་། འཇིག་པའི་རྟེན་གཞིར་གྱུར་པའི་གོ་ལ་འདི་ཡི་དངོས་པོ་ཐམས་ཅད་དུས་ཚོད་སྐར་ཆ་ཙམ་ཡང་མི་སྡོད་མྱུར་བཞིན་འགྱུར། དེ་བཞིན་མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱི་ད་ལྟའི་ཚབ་བྱེད་མི་རུང་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གི་དེ་རིང་གི་སྐོམ་པ་ག་ལ་སེལ། ནོར་འཛིན་གོ་ལའི་སྟེང་གི་གྲོགས་པོ་ལགས། ཁྱེད་ཚོ་རྣ་བ་མ་གཡེངས་བདག་ལ་གསན་དང་དུས་ད་ལྟ་ངའི་འདྲེན་བྱེད་ལམ་དུ་མཐོང་བཞིན་པ་སྟེ། སྔོན་མ་ནེའུ་གསིང་མེ་ཏོག་རྣམ་པར་བཀྲ་བའི་ཁོར་ཡུག་མཛེས་སྡུག་ཅན་དེ་ད་ཆ་ཐལ་རླུང་འཚུབ་ཅིང་བྱེ་ཐང་དུ་གྱུར། མཛེས་སྡུག་མུ་མཐའ་མེད་པའི་རྩྭ་ཐང་དང་སྤང་གཤོངས་སྟེང་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཁྱུ་དང་ཁྱུ་གང་འདོད་རྩྭ་ཆུར་རོལ་བཞིན་ཡོད་ཀྱང་ད་ལྟ་སྟོང་ལ་ཉེ་བས་ང་ཚོས་དེ་ཚོར་སྲུང་སྐྱོབ་དང་གཅེས་སྐྱོང་བྱེད་དགོས།
སྔོན་མ་རྩེད་འཇོར་རོལ་སའི་ལྕང་གླིང་འདི་ད་ལྟ་གད་སྙིགས་ཀྱི་ར་བར་གྱུར། སྔོན་མ་གཤོག་རྩལ་ངོམས་ཤིང་གར་སྟབས་སྐད་སྙན་གྱི་ཁུ་བྱུག་དང་བྱ་ཀུ་ཀུ། འཇོལ་མོ་སོགས་ཀྱི་གསུང་སྙན་གྱི་སྐད་སྒྲ་ད་ལྟ་དབེན་པར་གྱུར། ཡ་ང་བའི་སྐྱོ་སྡུག་གི་གནས་ཚུལ་དེ་རིགས་ང་ཚོས་མཐོང་དུས་ངའི་སྙིང་ལ་གྲི་བཙུགས་པ་ལྟར་བཟོད་པར་དཀའ་བའི་ན་ཟུག་གིས་བཅོམས། དེ་འདྲའི་སྡུག་བསྔལ་གྱི་མེ་ལྕེ་འཕེན་མཁན་ནི་ང་ཚོ་མིའི་རིགས་མ་ཡིན་ནམ། ངའི་སེམས་ཁོངས་སུ་འཁྱིལ་བའི་ཟུག་གཟེར་དང་རྨ་ཤུལ་དེར་སླར་ཡང་ན་ཟུག་ཇེ་ཆེར་འགྲོ། རང་ཉིད་ཡུན་ཐུང་གི་མི་ཚེ་དགའ་སྐྱིད་དཔལ་ལ་རོལ་ཆེད་སྔོ་ལྗང་ལྗོན་ཤིང་རྩ་བཀོག་སྐེ་བཅད་སོགས་བྱེད་མི་རུང་ལ་འདབ་ཆགས་བྱ་བྱིའུ་དང་རི་སྐྱེས་སྲོག་ཆགས་གང་བྱུང་གིས་གསོད་མི་རུང་བར་སྲུང་སྐྱོབ་བྱེད་དགོས།
ཁྱེད་ཚོས་སྟོན་མཇུག་གི་སྡོང་ལོ་བཞིན་འདར་བཞིན་པའི་རང་བྱུང་ཁམས་འདིར་སྲུང་སྐྱོབ་བྱས་ནས། མ་འོངས་པར་མིའི་རིགས་ཡོངས་ཀྱི་བདེ་སྐྱིད་ཆེད་དུའམ་རང་ཉིད་ཀྱི་འཚོ་གནས་ཆུང་ཆུང་འདི་ཡི་ཆེད་དུ། ཡིད་འོང་གོ་ལ་འདིའི་ཆེད་དུ། མཛེས་སྡུག་ལྡན་པའི་ཁོར་ཡུག་ཆེད་དུ། ང་ཚོའི་ཐུན་མོང་གི་འཚོ་གནས་འདིའི་ཆེད་དུ་ཕྱོགས་ཡོངས་ནས་ཁོར་ཡུག་སྲུང་སྐྱོབ་ལ་འབད་པ་མཐའ་གཅིག་ཏུ་བྱེད་དགོས་སོ། །
བསོད་ནམས་བཀྲ་ཤིས།