《དམངས་དོན་ཁྲིམས་གཞུང་》ནི་རང་རྒྱལ་གྱི་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པའི་ངོས་ནས། དམངས་དོན་བྱེད་པོ་རྣམས་ཀྱི་གཞི་རྩའི་དམངས་དོན་ཁེ་དབང་ཁག་ཕྱོགས་ཡོངས་ནས་གཏན་འཁེལ་བྱས་ཡོད་པས་“སྤྱི་ཚོགས་འཚོ་བའི་ཤེས་བྱ་ཀུན་བཏུས་”ཞེས་བརྗོད་ཀྱི་ཡོད།
ཉེ་ཆར་བོད་ལྗོངས་གཞོན་ནུའི་ཚགས་པར་ཁང་གི་ཏང་ཀྲི་པུའུ་ཡིས་ལས་བྱེད་ལས་བཟོ་པའི་ཁྲིམས་སྐྱོང་སློབ་གསོ་དང་སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ལས་བྱེད་ལས་བཟོ་པའི་ཁྲིམས་སྐྱོང་བྱང་ཚད་དང་ཏང་གཤིས་ཤེས་བྱ་མཐོ་རུ་གཏོང་ཆེད། ཚགས་པར་ཁང་གི་བཅའ་ཁྲིམས་བློ་འདྲི་བ་གདན་དྲངས་ནས《དམངས་དོན་ཁྲིམས་གཞུང་》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་བྱེད་པའི་ཆེད་དོན་ཏང་གི་སློབ་ཚན་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་བ་རེད། ཚགས་པར་ཁང་གི་ལས་གནས་སུ་ཡོད་པའི་ཏང་ཡོན་དང་ཏང་ལ་ཞུགས་པའི་ཧུར་བརྩོན་པ། ཏང་ཡོན་མིན་པའི་ལས་བྱེད་ལས་བཟོ་པ་བཅས་སློབ་སྦྱོང་ནང་ཞུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཏང་གི་སློབ་ཚན་དེ་ནི་《དམངས་དོན་ཁྲིམས་གཞུང་》གི་རྒྱབ་ལྗོངས་དང་། དོན་སྙིང་། ནང་དོན་གཙོ་བོ་བཅས་ལ་དམིགས་ནས་འགྲེལ་བཤད་ཞིབ་ཕྲ་དང་གྱོད་དཔེ་སྣ་མང་ཟུང་འབྲེལ་བྱས་ཏེ་མི་དམངས་ཀྱི་ཁེ་དབང་འགན་སྲུང་དང་སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཐད《དམངས་དོན་ཁྲིམས་གཞུང་》གི་གལ་ཆེན་ནུས་པ་དང་དོན་སྙིང་ལ་ཚང་མས་ངོས་འཛིན་གཏིང་ཟབ་ཐུབ་ཡོད། ད་དུང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་པ་གཅོད་པའི་སྲོལ་ཡིག》ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ཏེ་ལས་བྱེད་ལས་བཟོ་པས་སློབ་སྦྱོང་བྱས་པ་བརྒྱུད་སྲོལ་ཡིག་ནང་གི་ཆབ་སྲིད་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས་དང་འཚོ་བའི་སྒྲིག་ཁྲིམས་སོགས་ཐད་ཀྱི་གཏན་འབེབས་ཀྱིས་ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་ཕྱིན་ཡོད།
སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་ལས་བྱེད་པ་དང་ལས་བཟོ་པས་གཏམ་བཤད་ཧུར་ཐག་བྱས་ནས་དོན་དངོས་ཀྱི་ལས་ཀའི་ཁྲོད་དུ《དམངས་དོན་ཁྲིམས་གཞུང་》དང《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དོན་འཁྱོལ་ཇི་ལྟར་བྱ་རྒྱུའི་ཐད་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། མི་ཚང་མས་《དམངས་དོན་ཁྲིམས་གཞུང་》སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་དང་འབྲེལ་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བརྩིས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་དང་ལས་འགན་ལག་ལེན་བསྟར་དགོས་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།
བསོད་བསྟན་གྱིས་བསྒྱུར།