ལོ་ཟླ་ནི་ཆུ་མོའི་བཞུར་རྒྱུན་དང་འདྲ་ལ། བཞུར་རྒྱུན་དེའི་ཁྲོད་དུ། ང་ཚོ་ནི་ཕྱོགས་ཐོན་གྱི་ལམ་འགྲུལ་པ་ཞིག་དང་འདྲ་བར་སྔ་མོ་ཞིག་ནས་མཐའ་མི་མངོན་པའི་ལམ་བུ་ཞིག་གི་སྣེ་མོར་འཇུས་ཟིན་པ་འདྲ།
ང་ཚོ་ཆུང་བྱིས་པ་ཞིག་ཡིན་པའི་སྐབས་སུ། དུས་ཚོད་ནི་རྫོགས་མཐའ་མེད་པ་ཞིག་རེད་སྙམ། སྐབས་དེར་ང་ཚོས་རྒྱུན་དུ་འཚར་ལོངས་ཡོང་བར་རེ་སྒུག་བྱེད་པ་དང་། མི་རྒན་པ་རྣམས་ཀྱི་རང་དབང་གི་རྣམ་པར་རང་ཉིད་དེ་མ་ཉིད་དུ་འགྱུར་བར་རེ་སྒུག་བྱེད་བཞིན་ཡོད། འོན་ཀྱང་། དུས་ཚོད་ཀྱི་འཕོ་འགྱུར་དང་བསྟུན་ནས། ང་ཚོས་རིམ་བཞིན་དུས་ཚོད་ཟེར་བ་ནི་ང་ཚོའི་བསམ་ཡུལ་བཞིན་གྱི་ལས་སླ་མོ་ཞིག་མིན་པ་ཤེས།
སློབ་འབྲིང་གི་སྐབས་སུ། ང་ཚོར་སློབ་སྦྱོང་གི་གནོན་ཤུགས་དང་འཚར་ལོངས་ཀྱི་བསུན་སྣང་རིམ་གྱིས་སྐྱེས་པ་རེད། སྐབས་དེར། དུས་ཚོད་ནི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་འདྲ། མིག་རྡེབ་དབང་ཙམ་གྱིས་ཡིག་རྒྱུགས་ཤིག་རེད། མིག་རྡེབ་དབང་ཙམ་གྱིས་སློབ་སྐབས་ཤིག་རེད། ང་ཚོས་དུས་ཚོད་ནི་སྙིང་རྗེ་མེད་པ་ག་ལེར་ཚོར་བྱུང་། འོན་ཀྱང་། ང་ཚོས་སྔར་བཞིན་གོམ་པའི་འདེག་འཇོག་ལ་མཚམས་འཇོག་བྱེད་མི་སྲིད་ལ། འབད་བརྩོན་གྱིས་ཕུགས་བསམ་ལ་འཚོལ་སྙེག་བྱེད་བཞིན་ཡོད། རྒྱུ་མཚན་ནི་ང་ཚོས་དུས་ཚོད་ནི་ང་ཚོ་ལྷོད་པའི་རྐྱེན་གྱིས་ཇེ་དལ་དུ་འགྲོ་མི་སྲིད་པ་ཤེས་པས་རེད།
མཐོ་འབྲིང་དུ་སླེབས་རྗེས་དུས་ཚོད་སྔར་ལས་རྩ་ཆེན་དུ་གྱུར་ཡོད་པ་འདྲ། ང་ཚོར་བྱ་བ་སྔར་ལས་མང་བ་བསྒྲུབ་རྒྱུ་དང་ས་ཆ་སྔར་ལས་མང་བར་འགྲོ་རྒྱུ། མི་སྔར་ལས་མང་བར་ཐུག་རྒྱུ་བཅས་བྱུང་ཡོད། སྐབས་འདིར། ང་ཚོས་དུས་ཚོད་ཀྱིས་མི་འདང་བ་ཤེས། ང་ཚོར་སེམས་ཁྲལ་དང་མི་བདེ་བའི་ཚོར་བ་བྱུང་། རྒྱུ་མཚན་ནི་སྐྱིད་དུས་དུས་ཚོད་ཀྱིས་ང་ཚོ་སྒུག་མི་སྲིད་ཅིང་། སྡུག་དུས་དུས་ཚོད་ཀྱིས་ང་ཚོ་མདུན་དུ་འདེད་མི་སྲིད་པས་སོ། །
ད་ཆ་ང་ཚོས་འདས་པའི་དུས་ཚོད་ལ་ཕྱིར་དྲན་བྱེད་སྐབས། ད་གཟོད་དུས་ཚོད་ནི་ང་ཚོ་སུ་ལའང་འདྲ་མཉམ་ཡིན་པ་ཤེས་སྲིད། དེ་ནི་ང་ཚོའི་སེམས་ཁྲལ་གྱི་རྐྱེན་གྱིས་མཚམས་འཇོག་མི་སྲིད་ལ། ང་ཚོའི་རོགས་མེད་སྐྱབས་མེད་ཀྱི་རྐྱེན་གྱིས་མྱུར་ཚད་ཇེ་མགྱོགས་སུ་གཏོང་ཡང་མི་སྲིད། དུས་ཚོད་ནི་ཆུ་བོ་ཞིག་དང་འདྲ་བར་རྒྱུན་ཆད་མེད་པར་མདུན་དུ་རྒྱུགས་བཞིན་ཡོད་པས་ང་ཚོའི་བསུན་སྣང་དང་སྡུག་བསྔལ་འཁྱེར་སོང་ལ། ང་ཚོའི་ཕྱིར་དྲན་དང་འཚར་ལོངས་ཀྱང་དྲན་པའི་ཁྲོད་ན་བཞག་ཡོད།
སྐད་ཅིག་ཙམ་ཡང་མི་སྡོད་པར་འགྱུར་བ་ཆེ་བའི་འཇིག་རྟེན་འདིའི་ནང་དུ་ང་ཚོས་དུས་ཚོད་ལ་གཅེས་སྤྲས་དང་སེམས་རྣལ་དུ་ཕབ་ནས་དུས་ཚོད་ཅེས་པའི་སྙིང་པོ་ཞིག་ཡོད་པ་ཚོར་དགོས། ང་ཚོས་དུས་ཚོད་ང་ཚོའི་གྲོགས་པོར་འགྱུར་དུ་འཇུག་དགོས་པ་ལས་དེ་དགྲ་བོར་བརྩི་མི་རུང་། དུས་ཚོད་ནི་ང་ཚོའི་ཕུགས་བསམ་མངོན་འགྱུར་བྱེད་པའི་སྒུལ་ཤུགས་སུ་འགྱུར་དུ་འཇུག་དགོས། རྒྱུ་མཚན་ནི་དུས་ཚོད་ཀྱིས་ད་གཟོད་ང་ཚོའི་ཚེ་སྲོག་ཁྲོད་ཀྱི་ཆེས་གལ་ཆེ་བའི་རྒྱུ་ནོར་སྒེར་བདག་དེ་ཡིན་པས་རེད། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།