ལྷ་ས་ནས་ཐོན་ཏེ་ལྷོ་ནུབ་ཕྱོགས་སུ་བསྐྱོད་ནས་མྱུར་བགྲོད་གཞུང་ལམ་སླེབས་པ་དང་དེ་བརྒྱུད་ནས་སྤྱི་ལེ་བཞི་བཅུ་ཙམ་ཕྱིན་རྗེས་གནམ་གྲུ་ཐང་གི་མྱུར་བགྲོད་གཞུང་ལམ་དུ་སླེབས། དེ་ནས་སྤྱི་ལེ་བཞི་བཅུ་ཙམ་ཕྱིན་པ་ན་རྩེད་ཐང་དང་གོང་དཀར་གྱི་མྱུར་བགྲོད་གཞུང་ལམ་དུ་འབྱོར། ང་ཚོས་དེ་བརྒྱུད་ནས་སྤྱི་ལེ་དགུ་བཅུ་ཙམ་སོང་བ་ན་ད་གཟོད་ལྷོ་ཁ་རྩེད་ཐང་དུ་འབྱོར།
ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་སྲིད་ཇུས་འོག་ཚན་རིག་ལག་རྩལ་ཐད་དར་འཕེལ་ཆེན་པོ་བྱུང་བས་མེ་འཁོར་ཤར་གཏོང་ཐུབ་ཡོད་པས། རླངས་འཁོར་དང་བསྡུར་ན་མེ་འཁོར་ལ་བསྡད་ཚེ་ལྷ་ས་ནས་ལྷོ་ཁར་བསྐྱོད་ན་ཆུ་ཚོད་གཅིག་གི་ཉུང་བ་འགོར་གྱི་ཡོད། དེའང་མེ་འཁོར་ལ་ཆ་མཚོན་ན་ཁོར་ཡུག་བཟང་ལ་གཙང་སྦྲ་ལེགས་པ་རིན་གོང་དམའ་བ་བཅས་ཀྱི་དགེ་མཚན་མང་པོ་ལྡན་པས་མི་མང་པོས་དེ་ལ་བསྔགས་བརྗོད་བྱེད་བཞིན་ཡོད།
ལམ་བར་དུ་མཛེས་ལྗོངས་ལྟ་ན་སྡུག་པའི་རྩ་ཆེའི་དགོན་པ་ནི་ནམ་མཁའི་སྐར་ཚོགས་ས་ལ་བཀྲམ་པ་ལྟར་ཤིན་ཏུ་མང་ངོ་། །དཔེར་ན་རྡོ་རྗེ་བྲག་དགོན་པ་དང་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་བཞེངས་པའི་དཔལ་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཅས་ཀྱི་དགོན་སྡེ་མང་པོ་མཇལ་རྒྱུ་ཡོད་ལ་ཡར་ཀླུང་གཙང་པོའི་མཛེས་སྡུག་ཀྱང་མཐོང་ཐུབ།
ཤར་ཕྱོགས་རི་བོའི་རྩེ་ནས་རྟ་བདུན་དབང་པོ་ཡི་འོད་ཟེར་མཛེས་སྡུག་ལྡན་པའི་ནོར་འཛིན་གྱི་ཡོངས་སུ་འཕྲོས་མ་ཐག་སྨག་རུམ་མུན་པ་རིམ་བཞིན་མཐར་སྤྲད་ཅིང་མདུན་ཕྱོགས་ཀྱི་མཛེས་སྡུག་ལྡན་པའི་ཕ་ཡུལ་ཏེ་ལྷོ་ཁ་འཕྱོངས་རྒྱས་ཀྱི་ལྗོངས་རྣམ་བདག་གི་གཟུགས་འཛིན་དབང་པོའི་ལམ་དུ་གསལ་ལེར་འཆར་འོང་། གནས་འདིར་“ལྷོ་ཁ་འཕྱོངས་རྒྱས་ཟླ་བ་སྒྲོལ་མ། བཞེངས་པའི་ལྷ་ལས་མཚར་བ། འཕྱོངས་རྒྱས་ནུ་མའི་ནུ་ཆུ་། བཙོས་པའི་ཆང་ལས་ཞིམ་པ”ལྟ་བུའི་བཤད་སྲོལ་ཡོད་ལ་གཞས་པ་རྣམས་ཀྱིས་ཀྱང་གཞས་ཚིག་ནང་དུ་བཀོད་ནས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་དུ་སྟོར་བཞིན་ཡོད།
གཟིགས་དང་། གཙང་ཆབ་སྔོན་མོ་ལྷུང་ལྷུང་དུ་བབས་པའི་གནས་མཆོག་ནི་བདག་གི་ལྟེ་ཁྲག་འཕོ་སའི་ཡུལ་གངས་ལྗོངས་ཀྱི་མཛེས་རྒྱན་ལྷོ་ཁ་འཕྱོངས་རྒྱས་ཡིན། ཡུལ་དེར་དབྱར་དུས་སུ་སྔོ་ལྗང་གི་རི་བོ་ཞིག་ཏུ་གྱུར་བ་དེ་ནི་རྩྭ་ལྗང་རྣམས་དང་ང་ཚོའི་བརྟན་ཞིང་ལྷིང་བའི་རི་བོ་དེ་དག་ལ་གོས་ཀྱི་རྒྱན་ཆ་སྤྲས་པ་དང་གཉིས་སུ་མ་མཆིས། སྟོན་དུས་སླེབས་རྗེས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དེ་ནི་གསེར་ཞུན་གྱི་ཁུ་བ་བྱུགས་པ་ཇི་བཞིན་སེར་པོར་གྱུར། དགུན་དུས་སླེབས་རྗེས་གྲོང་ཁྱེར་དངུལ་དཀར་གྱི་འཇིག་རྟེན་ཞིག་དང་འདྲ་བས་ངོ་མ་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཡོད་དོ། །
བདག་གི་ངོས་ནས་བརྗོད་ན་ཕ་ཡུལ་གྱི་དུས་བཞིའི་ནང་ནས་དབྱར་མཇུག་དང་སྟོན་སྟོད་དེ་མཛེས་ཤོས་ཡིན། གང་ཡིན་ཞེ་ན་སྟོན་ཁ་འབྲས་ལྡན་དུས་འདིར་རྩྭ་ཐང་དང་ཞིང་ཁ་སོགས་ཡོངས་རྫོགས་སེར་མདོག་ཅན་དུ་གྱུར་པ་དེ་ནི་གསེར་གྱི་རྒྱན་ཕྲེང་བཏགས་པའི་བུད་མེད་མཛེས་མ་ཞིག་དང་འདྲ་བས་ཨ་ཁུ་ཞིང་པའི་ཡིད་སེམས་དབང་མེད་དུ་འཕྲོག་སོང་། འབྲོག་པ་རྣམས་ཀྱི་ནོར་ལུག་ཤ་ཤེད་རྒྱས་ཡོད་པ་མ་ཟད་ཤ་མར་ཐུད་གསུམ་དང་དཀར་གསུམ་གྱིས་ཕྱུག་པའི་དུས་ཤིག་ཡིན་པས་དགའ་སྤྲོའི་སྣང་བ་མཁའ་དང་མཉམ་པར་ལྡན་ནོ། །
དབྱར་དུས་གུང་གསེང་ལ་རང་ཉིད་ཕ་ཡུལ་ལ་ལོག་པར་འདོད་པའི་རྒྱུ་མཚན་ནི་ཁྱིམ་གྱི་སྒོ་ར་དང་ཡུལ་གྱི་ཁོར་ཡུག་གང་སར་མེ་ཏོག་ཁྲ་ཆིལ་ལེར་བཞད་ཅིང་སྒོ་རའི་རྒྱལ་སྒོ་འཛུལ་མ་ཐག་མེ་ཏོག་གི་དྲི་བཟང་འཐུལ་བ་དང་རྣམ་པར་བཀྲ་བའི་མེ་ཏོག་གིས་མི་རྣམས་ཀྱི་སེམས་ལ་སྐྱིད་པའི་ཚོར་སྣང་ཞིག་སྦྱིན་ཐུབ། ད་དུང་དེའི་གསོན་ཉམས་ལྡན་པ་དང་ནུས་ཤུགས་ལྡན་པའི་ཉམས་དེས་ང་ཚོར་སྔར་མེད་ཀྱི་སྟོབས་ཤུགས་གསར་པ་བསྣོན། ང་ལ་ཡིད་ཆེས་དང་སྤོབས་པ་གནང་། དེ་བས་ཁྱེད་ཀྱི་མེ་ཏོག་རེ་རེའི་ལྷག་བསམ་དང་སྔར་ལས་ལྷག་པ་བཞད་ཁ་བྱེད་རྒྱུའི་སྤོབས་སེམས་ཆེར་སྐྱེད་ཀྱིས་ཉམས་དེ་གསལ་བས་བདག་གིས་ཀྱང་ཁྱེད་ལྟ་བུའི་སྤོབས་པ་དང་སེམས་ཤུགས་འཁྱེར་ཏེ་སློབ་ལ་འབུངས་སོ། །
དེ་བས་ཀྱང་གནས་མཆོག་འདིར་འཚོ་བའི་སྐྱེ་བོ་རྣམས་ནི་ལས་ལ་བརྩོན་ཞིང་ཡ་རབས་སྤྱོད་བཟང་དང་ལྡན་པ་ལྷག་པར་དུ་ལོ་ན་བགྲེས་པའི་སྐྱེ་བོ་རྣམས་འཇིག་རྟེན་ལས་འབྲས་ལ་བརྩི་འཇོག་གནང་མཁན་ཞིག་ཡིན་པས་ཁོང་ཚོའི་བཞིན་ནས་དགའ་བའི་འཛུམ་མདངས་མངོན། གལ་ཏེ་ང་རང་སྙན་ངག་པ་ཞིག་ཡིན་ཚེ་ངས་སྙན་འཇེབས་ཚིག་གིས་ཕ་ཡུལ་གྱི་རྣམ་པ་ལ་སྔགས་བརྗོད་བྱེད་སྲིད། གལ་ཏེ་ང་རང་རི་མོ་མཁན་ཞིག་ཡིན་ཚེ་ངས་ཚོན་མདོག་སྣ་ཚོགས་སྤྱད་ནས་ཕ་ཡུལ་གྱི་ངོ་མཚར་རི་མོར་བཀོད་སྲིད། གལ་ཏེ་ང་རང་རྩོམ་པ་པོ་ཞིག་ཡིན་ཚེ་ངས་པིར་རྩེ་ཕྲ་མོས་ཕ་ཡུལ་གྱི་རི་ཆུའི་ཉམས་བཟང་དེ་མངོན་པར་བྱེད་སྲིད།
ད་ལྟ་ཏང་གི་སྲིད་ཇུས་བཟང་པོའི་འོག་ཏུ་ལས་ལ་བརྩོན་པའི་སྐྱེ་བོ་རྣམས་ཀྱིས་རང་གི་གཅེས་པར་འོས་པའི་བོད་ལྗོངས་དེ་འཛམ་གླིང་ཡུལ་གྲུ་ཀུན་དང་འདྲ་བར་འགྱུར་བ་དང་། མཁའ་ལམ་གྱི་མཚན་སྙན་ཐོགས་ཡོད་པའི་མཚོ་བོད་ལྕགས་ལམ་བསྐྲུན་ཡོད་ལ་ལྷག་པར་དུ་གྲོང་རྡལ་གྲོང་གསེབ་གསར་སྐྲུན་གྱི་ཁང་བཟང་གི་དཀྱིལ་དུ་པ་ཊའི་རིས་ལྟར་མཛེས་ཤིང་བཀྲ་བའི་སྣུམ་ནག་གཞུང་ལམ་དང་ཡུལ་གང་ས་གང་དུ་ཆ་འཕྲིན་ལག་རྩལ་དར་བ་བཅས་རང་རེའི་ཕ་ཡུལ་འདི་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་གཏོང་དང་གཏོང་མུས་ཡིན། དེ་ལྟར་ངས་ད་ལྟ་ནས་སློབ་ལ་བརྩོན་པ་བརྒྱ་དང་འབད་པ་སྟོང་བྱས་ནས་དུས་རྟག་ཏུ་དཔེ་འཛིན་སྐྱོར་སྦྱངས་དང་སྦྱངས་ཟིན་པའི་ཤེས་ཡོན་གཅིག་བཟུང་གཉིས་ཤོར་མ་བྱས་པར་སླད་མེས་རྒྱལ་དང་ཕ་ཡུལ་ལ་ལེགས་སྐྱེས་ཆུ་ཐིགས་ཙམ་ལས་མེད་ཀྱང་འབུལ་ཐུབ་པ་བྱེད་དེ་རང་གི་ཕ་ཡུལ་མཛེས་སྡུག་སྟོབས་འབྱོར་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་ཡིན།
ཕ་ཡུལ་ལགས། བདག་གིས་ཁྱེད་ལ་ཕུལ་བའི་བསྟོད་ཚིག་འདི་དག་གིས་ཁྱེད་ཀྱི་མཛེས་ཉམས་དང་ཁྱད་ཡོན་ཡོངས་སུ་མངོན་ག་ལ་ཐུབ། འོན་ཀྱང་ཚིག་དེ་དག་ནི་བློ་དཀར་ཡིད་ཀྱི་མེ་ཏོག་བཞིན་ཁྱེད་ལ་ཕུལ་བའི་མཆོད་པ་ཡིན་པས་ཁྱེད་ཀྱིས་ལྷུག་པོར་བཞེས་རོགས་གནང་། བདག་གིས་ཁྱེད་ལ་བཅངས་པའི་རྩེ་སེམས་དེ་རྡོ་རྗེ་བྲག་ལྟར་ནམ་ཡང་འགྱུར་མི་སྲིད་དོ། །
ལྷ་ས་སློབ་འབྲིང་གཉིས་པའི་ལོ་རིམ༩(༦)
ཟུར་ཁྲིད་དགེ་རྒན། ཚེ་བརྟན་བཀྲ་ཤིས།