ཉེ་ཆར། ཅང་སུའུ་གཞོན་ནུའི་འཐུས་མི་ཚོགས་པའི་བརྟག་ཞིབ་ཚོགས་ཆུང་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དུ་ཕེབས་ནས་རང་ལྗོངས་ཀྱི་གུང་གཞོན་སྡེ་ཚོགས་དང་གཞོན་ནུའི་ལས་དོན་སྤེལ་ཚུལ་སྐོར་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུ་མ་འཚོགས་གོང་གུང་གཞོན་སྡེ་ཚོགས་ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧན་མའོ་དང་བཅས་པ་གཞོན་ནུ་ལོ་ཆུང་གིས་འགྲེལ་བཤད་པའི་སྣེ་ཁྲིད་འོག་བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་ཁང་ལ་ལྟ་སྐོར་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་ནུབ་རྒྱུད་འཆར་གཞིའི་བོད་རང་སྐྱོང་ལྗོངས་རྣམ་གྲངས་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་ལས་དོན་ངོ་སྤྲོད་བྱས་པ་དང་། གུང་གཞོན་སྡེ་ཚོགས་ཅང་སུའུ་ཞིང་ཆེན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ཅང་སུའུ་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་གྲོང་གསེབ་དར་རྒྱས་གཏོང་བའི་འཆར་གཞི་དང་གཞོན་ནུ་དང་བླངས་པའི་ལས་དོན་ངོ་སྤྲོད་དང་། ཅང་སུའུ་གཞོན་ནུའི་འཐུས་མི་ཚོགས་པའི་བརྟག་ཞིབ་ཚོགས་ཆུང་དང་བོད་ལྗོངས་གུང་གཞོན་སྡེ་ཚོགས་ལས་དོན་མི་སྣས་ལས་གནས་སུ་ཞབས་འདེགས་ཞུ་མཁན་ཅང་སུའུ་ཞིང་ཆེན་གྱི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་བསྡུ་བའི་ཞབས་ཞུ་དང་། འཚོ་བ་དང་ལས་ཞུགས་བཅས་ཀྱི་གནས་ཚུལ་ཐད་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་མི་སྣས་སྡེ་ཚོགས་ཅང་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་དུས་ཡུན་རིང་པོའི་ནང་བོད་ལྗོངས་གུང་གཞོན་སྡེ་ཚོགས་ལ་རོགས་སྐྱོར་དང་ལྷག་པར་དུ་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱིས་དུས་ཡུན་རིང་པོའི་ནང་སྒེར་སེམས་མེད་པའི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཕྱོགས་གཉིས་པོའི་འཐུས་མིས་ཅང་སུའུ་ཞིང་ཆེན་གྱིས་བསྡུས་པའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་བློ་ལ་བརྟན་པོར་བཅངས་ཏེ་ཕུགས་བསམ་ཡོད་པ་དང་། འགན་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་འདོད་པའི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཏུ་བརྩོན་ལེན་བྱ་རྒྱུའི་རེ་བ་བཏོན་པ་རེད།
བསོད་བསྟན་གྱིས་བསྒྱུར།