ངས་བཀླགས་པའི་དཔེ་ཆ་ནི《བྱ་སྤྲེལ་གཏམ་རྒྱུད》ཡིན། དེར་མི་རྣམས་མཐུན་སྒྲིལ་བྱེད་དགོས་པའི་གཏམ་རྒྱུད་ཀྱི་གནས་ལུགས་གསལ་པོ་བསྟན་ཡོད།
སྔོན་མ་བཀྲ་ཤིས་མཛེས་དགའི་ཡུལ་གྱི་རི་ཀུན་བཟང་ཞེས་པ་ཞིག་ཡོད་པ་དང་། རི་དེའི་ལྡེབས་སུ་སེང་གེ་དཀར་མོ་སོགས་ཀྱི་རི་དྭགས་དང་ལྷ་བྱ་གོང་མོ་གཙོས་པའི་བྱ་སྣ་ཚོགས། སྟག་གཟིག་དོམ་དྲེད་སོགས་ཀྱི་གཅན་གཟན་བཅས་འཚོ་བ་སྐྱེལ་བཞིན་ཡོད། འོན་ཀྱང་ཕྱིས་སུ་གནས་དེར་སྤྲེའུ་སླེབས་ནས་ཁོང་ཚོའི་ལྷིང་འཇགས་ཀྱི་འཚོ་བ་དཀྲུགས་པར་བརྟེན་ལྷ་བྱ་གོང་མོས་གཙོས་པའི་བྱ་རྣམས་དང་སྤྲེའུའི་བར་ལ་ས་ཆ་དེའི་སླད་ཁ་རྩོད་ཤོར་བའི་སྐོར་བཀོད་འདུག
བྱ་དང་སྤྲེའུ་ཕྱོགས་གཉིས་ཀས་ས་ཆ་ཞིག་གི་དོན་དུ་ཕྱིར་ནུར་མེད་པར་ང་དགོས་ཁོ་དགོས་ཀྱི་ཁ་རྩོད་བརྒྱབ་ཏེ་གནས་ཚུལ་ཛ་དྲག་ནས་ཛ་དྲག་ཏུ་ཕྱིན། ཡིན་རྒྱུ་ནི་ལྷ་བྱ་གོང་མོས་གཙོས་པའི་འདབ་ཆགས་རྣམས་ཀྱི་ས་ཆ་ཡིན་རུང་། སྤྲེའུས་ང་ཡི་ཡིན་ཞེས་བཙན་གཏམ་བཤད་པས་ཐབས་ཟད་དེ་ས་ཆ་ཕྲན་ཙམ་ཞིག་སྤྲེའུ་ལ་ཤོར་འདུག
དེ་ཡང་ལྷ་བྱ་གོང་མོས་སྔོན་ལ་རི་ཀུན་བཟང་བྱ་བ་འདི་ནི་རྩེ་མོ་སེང་གེ་དཀར་མོས་བདག་ཏུ་བཟུང་། སྐེད་པ་འདབ་ཆགས་བྱ་ཡིས་བདག་ཏུ་བཟུང་། རྩ་བ་གཅན་གཟན་གྱིས་བདག་ཏུ་བཟུང་བ་ལྟར་ན། ཁྱེད་ཅག་སྤྲེའུ་རྣམས་དོན་མེད་དུ་ངེད་འདབ་ཆགས་ཀྱིས་བདག་ཏུ་བཟུང་བའི་སྤང་རི་ལ་འཁྱམས་ཉུལ་དུ་ཡོང་ན་མི་འགྲིག་ཅེས་བཤད་རུང་། སྤྲེའུ་རྣམས་ཀྱིས་མ་ཉན། ཕན་ཚུན་ཁ་རྩོད་མང་པོ་བྱས་བྱས་མཐར་གཅིག་ཁ་གཅིག་གིས་མ་ཉན་པར། མཐའ་མཇུག་རི་བོང་གིས་དེ་ཕོའི་སར་ཕྱིན་ནས་བྱ་སྤྲེལ་གཉིས་ཀྱི་དོན་དག་སྐོར་སྔར་ལབ་པ་རྣམས་རྒྱས་པར་ལབ་ནས། བྱ་སྤྲེལ་གཉིས་ཀྱི་གྱོད་འདི་མ་འགྲིག་ན་འདབ་ཆགས་ཕྱོགས་གཅིག་ཏུ་བསྒྲིལ་བ་ལྟར། རི་དྭགས་དང་གཅན་གཟན་རྣམས་ཀྱང་ཕྱོགས་གཅིག་ཏུ་བསྒྲིལ་ནས་འཁྲུག་གཞི་རྒྱ་ཆེ་རུ་འགྲོ་ངེས་ཡིན་པས། ང་ཚོས་ངེས་པར་བཀག་འགོག་བྱེད་དགོས་ཞེས་བྱ་སྤྲེལ་གཉིས་ཀྱི་རྩོད་པ་དེ་མཚམས་འཇོག་ཐབས་བྱས་འདུག
ངས་གཏམ་རྒྱུད་དེ་བལྟས་ཚར་རྗེས། ཕན་ཚུན་རྩོད་པ་འབྱུང་སྐབས་ཅི་ཐུབ་གང་ཐུབ་ཀྱིས་འདུམ་འགྲིག་ཡོང་བ་བྱེད་པ་ལས་རྙོག་དྲ་ཇེ་ཆེར་གཏོང་རྒྱུ་མེད་པ་རྟོགས་བྱུང་། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༣)
ཟུར་ཁྲིད་དགེ་རྒན། དགའ་བཟང་།