གལ་སྲིད་མི་ཞིག་ལ་སྙིང་སྟོབས་ཤིག་ཡོད་ན། མི་དེས་ལས་གང་ཞིག་བསྒྲུབ་ཀྱང་འགྲུབ་ སྲིད།
སྙིང་སྟོབས་ནི་མཁས་དབང་དུ་འགྱུར་བའི་རྒྱུ་ཆ་གཙོ་བོ་ཞིག་ཡིན། དཔེར་ན། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་མཁས་དབང་མང་ཆེ་བ་ནི་རང་ཉིད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འཇིག་རྟེན་མི་ཡུལ་དུ་མཛད་རྗེས་འགྲན་ཟླ་བྲལ་བ་མང་པོ་བཞག་ཡོད། གལ་སྲིད་རང་ཉིད་མཁས་པ་ཞིག་ཆགས་འདོད་ན། མི་གཞན་གྱི་བསམ་མི་ཕོད་པ་བསམ་པ་དང་། མི་གཞན་གྱིས་ཤོད་མི་ཕོད་པ་ཤོད་པ། མི་གཞན་གྱིས་བསྒྲུབ་མི་ཐུབ་པའི་བྱ་བ་བསྒྲུབ་པའི་སྙིང་སྟོབས་ཤིག་ཡོད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན།
སྐྱེ་བོ་མང་པོས་བཤད་པ་ལྟར་སྙིང་སྟོབས་ནི་གནད་དོན་བརྟག་དཔྱད་བྱེད་པའི་སྐབས་སུ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། དཔེར་ན། ཉེ་ཆར་ང་ཚོའི་སློབ་ཚན་ནང་ཡོད་པའི་གནད་དོན་ནམ་ལྟ་བ་〝ཉི་ལྟེ་སྨྲ་བའམ་ས་ལྟེ་སྨྲ་བ〞 〝འཇིག་རྟེན་འདི་ལེབ་ལེབ་ཡིན་པའམ་རིལ་མོ་ཡིན་པ〞སོགས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་མི་ལ་ལས་རང་ཉིད་ཀྱི་བསམ་བློ་སྤུ་ཙམ་ཡང་མི་གཏོང་བར་ཁྱི་རྒན་ཀུ་ཅོ་འདོན་པ་ན། རྒྱུ་མཚན་མེད་པར་གཞན་དག་རྒྱུག་ཅེས་པ་ལྟར་མི་གཞན་གྱི་ཟེར་སྒྲོས་ཁོ་ནའི་རྗེས་སུ་འགྲངས། ཡང་མི་ལ་ལས་གནད་དོན་ཡང་དག་པར་ཤེས་ཀྱང་གཞན་ལ་ཤོད་མི་ཕོད། འདི་རིགས་ནི་བཀོལ་མི་ཤེས་ཡོན་ཏན་ཕན་མེད་རེད། འདེབས་མི་ཤེས་ས་ཞིང་སྟོང་པ་རེད་ཅེས་པ་ལྟར་ཕན་པ་རྩ་བ་ནས་མེད། འོ་ན། གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་ཡང་སྙིང་མི་ཇི་འདྲ་ཞེ་ན། སྙིང་སྟོབས་ལྡན་པ་ཞིག་དགོས། སྙིང་སྟོབས་ཡོད་པའི་མི་ནི་མི་གཞན་དང་མི་འདྲ་བར་རང་ཉིད་ཀྱི་བསམ་བློ་དང་ཤེས་རབ་ལ་བརྟེན་ནས་གཞན་གྱི་ཡང་མི་དག་པའི་ལྟ་བ་ལ་དགག་པ་རྒྱག་ཕོད་པ་དང་། རང་གི་ལྟ་བ་ཤོད་ཕོད་པ་སྐྲག་རྒྱུ་མེད་པ་ཞིག་རེད། དྲང་པོའི་མི་ལ་ལྷ་ཡང་སྐྲག་ཅེས་པ་བཞིན་སྙིང་སྟོབས་ལྡན་པའི་མི་ནི་གཡོ་སྒྱུ་ཁྲམ་གསུམ་དང་བྲལ་བས་མི་ཀུན་གྱིས་གོང་བཀུར་བྱེད་ས་དང་མི་ངན་སྐྲག་དགོས་ས་ཞིག་རེད།
མདོར་བསྡུས་ནས་བཤད་ན། གལ་སྲིད་མི་ཞིག་ལ་སྙིང་སྟོབས་ཡོད་ན་ཁོང་གིས་ལས་ཀ་ཐམས་ཅད་རྒྱུན་འཁྱོངས་པར་སྒྲུབ་ངེས། ངའི་རེ་བ་ལ་སྙིང་སྟོབས་ལྡན་པའི་མི་ཇེ་མང་དང་ཆུ་སྣ་གར་འཁྲིད་ཀྱི་མི་ཇེ་ཉུང་དུ་འགྲོ་བ་ཤོག་ཅིག །
ལྷ་ས་སློབ་འབྲིང་གསུམ་པའི་ལོ་རིམ༨(༣)
ཟུར་ཁྲིད་དགེ་རྒན། དབང་གྲགས།