http://zw.xzqnb.cn/Content/weixinlogo.png
“མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ། །དཔྱིད་ཉི་རིང་མོ་གྲང་གསུམ
http://zw.xzqnb.cn/m/content/2024-05/03/000624.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཕ་མ་བསམས་ནས་ཕ་ཡུལ་དུ་ལོག

༄༅། །བདག་གི་གཟའ་མཇུག་འཚོ་བ།

གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

等待处理…

༄༅། །ཕ་མ་བསམས་ནས་ཕ་ཡུལ་དུ་ལོག

作者 རང་ཚུགས།
2024年05月03日

“མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ། །དཔྱིད་ཉི་རིང་མོ་གྲང་གསུམ་དྲོ་གསུམ། །”ཞེས་པའི་གནའ་བོའི་ཁ་དཔེ་བཞིན་བགྲོད་པར་དཀའ་བའི་མི་ཚེའི་ཤུལ་ལམ་རིང་མོ་འདིའི་སྟེང་སྐྱིད་སྡུག་འདྲེས་མའི་བྱ་བ་ཕྲ་རགས་མང་པོ་ཞིག་དང་འཕྲད་སྲིད། དེ་དག་གི་ཁྲོད་ནས་ང་ཚོས་ཚེ་གང་བཀུར་བསྟི་ཞབས་འདེགས་ཞུ་འོས་ཤིང་བླ་མེད་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་བབས་འདྲའི་བྱ་བ་ནི། སྨྲ་ཤེས་དོན་གོ་ཐུབ་པའི་འགྲོ་བ་མིའི་མཚན་ཉིད་གནང་མཁན་གྱི་དགུང་རྟ་བདུན་དབང་པོ་ཡི་ཚ་ཟེར་བཞིན་ལུས་ལ་བྱམས་བརྩེ་དྲོད་འཇམ་གྱི་ཕྱག་ཟུང་ཉེ་རིང་མེད་པར་སྦྱིན་མཁན་གྱིས་དྲིན་ཆེན་ཕ་མའི་སྐུ་མདུན་དུ་ལོག་སྟེ། ཁམས་བདེའི་འཚམས་འདྲི་ཞུས་ནས་ཁོ་ཚོ་ཐུན་མོང་གིས་དམར་ཆུང་སེམས་ཁོང་དུ་སྦས་པའི་རེ་འདུན་ཏེ། བུ་ཕྲུག་དང་མང་ཙམ་མཉམ་འཛོམས་ཐུབ་རྒྱུའི་ཐུགས་རེ་དེ་ང་ཚོ་རང་ཉིད་ཀྱིས་སྐོང་བར་བྱ་བ་ལས་གཞན་ཅི་ཡང་མ་འདས།

ཕ་མ་ནི་བུ་ཕྲུག་ངོས་ནས་བརྗོད་ན། འཛམ་གླིང་འདི་ན་གསལ་ལེར་འཆར་བཞིན་པའི་སྒྲོན་མེ་ཚེ་འབར་གཅིག་པུ་དེ་ཡིན་ཞིང་། དེ་བས་བུ་ཕྲུག་གི་མི་ཚེའི་ལམ་བུར་ཐུགས་གནང་མཛད་མཁན་གྱི་སྐྱེས་བུ་ཉག་གཅིག་སྟེ། མདོར་ན་འཛད་མེད་དྲིན་གྱིས་སྐྱོང་མཁན་གྱི་ཕ་མའི་སྐུ་ཚེ་ཧྲིལ་པོ་བུ་ཕྲུག་གི་དོན་དུ་སེམས་ཁྲལ་བྱས་ཏེ་རང་ཉིད་ཀྱི་མི་ཚེ་ཟད་རྒྱུ་ལས་གཞན་ཅི། ཕ་མ་ཞེས་འབོད་པའི་ཕལ་ཚིག་འདི་ནི་གཞན་གསོས་བུ་མོའི་མགྲིན་ནས་གྱེར་བའི་སྙན་འཇེབས་ཀྱི་སྒྲ་དབྱངས་དང་། ལྷ་མོ་དབྱངས་ཅན་མར་བླངས་པའི་ངོ་མཚར་ཡིད་ཀྱི་བསྟོད་གླུ་དེ་འདྲ་ཡེ་ནས་མིན་ཡང་། ཚིག་འབྲུ་གཉིས་པོ་ཡི་བར་དུ་སིམ་པའི་ལྐོག་འགྱུར་གྱི་བྱ་བ་དེ་དག་ནི་རི་རབ་བཞིན་ལྕི་ལ་ངོ་མཚར་ཁྱད་འཕགས་ཤིག་ཡིན་པ་སྨོས་ཅི་དགོས། ཕ་མས་ལས་པའི་བྱ་བ་ཡོད་ཚད་ནི་རང་གི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་ཆེད་དུ་ཡིན་ལ་ཁོང་རྣམ་པས་བུ་ཕྲུག་ནི་ཁྱིམ་ཚང་གི་གཅེས་ནོར་ཞིག་ཏུ་བསམས་ནས་ཆེས་ལེགས་ཤོས་ཀྱི་ཅ་དངོས་དང་མཐུན་རྐྱེན་ཡོད་དོ་ཅོག་བུ་ཕྲུག་ཚོར་སྐྲུན་བཞིན་མཆིས་པས། ཁོང་ཚོ་ནི་ཕྲུ་གྲུར་སེར་སྣ་སྤུ་ཙམ་ཡང་མེད་པར་སྦྱིན་པ་གནང་མཁན་དེ་དང་། ཕྲུ་གུའི་མི་ཚེའི་ལམ་བུའི་སྟེང་གི་ཆེས་ཐོག་མའི་དགེ་རྒན་དེའང་ཡིན། དེའི་སྟབས་ཀྱིས་ཕ་མའི་བཀའ་དྲིན་ནི་ཟླུམ་གཟུགས་དབྱིབས་ཀྱི་གོ་ལ་འདིའི་ཐོག་གཞལ་བར་དཀའ་བ་ཞིག་རེད་ཟེར་བ་དངོས་གནས་བདེན་ཨང་། གལ་ཏེ་དྲིན་ཆེན་གྱི་ཕ་མ་མེད་ན་ད་གཟོད་ཚན་རྩལ་གྱི་འཇིག་རྟེན་འདིར་ང་ཚོ་ཇི་ལྟར་བྱོན། དེ་བས་མི་ལུས་རིན་ཆེན་འདི་གང་ནས་ཐོབ། ཁྲ་ཆིལ་སྣ་མང་འཇིག་རྟེན་གྱི་ངོ་མཚར་ཡིད་འོང་ལྟད་མོ་བལྟ་ཁོམ་ཡོང་རྒྱུ་ལྟ་ཅི། སྐྱིད་སྐྱིད་འཇིག་རྟེན་གྱི་ཕུན་ཚོགས་སུ་རོལ་རྒྱུ་ཡང་མེད། དེས་ན་ཕ་མ་ནི་ང་ཚོར་ཚེ་སྲོག་གནང་མཁན་གྱི་མགོན་པོ་དེ་ཡིན་སྟབས་མི་ཚེ་གཅིག་གི་ནང་བཀའ་དྲིན་ཆེ་ཤོས་ཡིན།

དུས་རབས་ཉེར་གཅིག་ནི་ཚན་རྩལ་བྱ་འཕུར་བ་ལྟར་གོང་འཕེལ་དུ་འགྲོ་བའི་དུས་རབས་ཤིག་ཡིན་པའི་རྐྱེན་གྱིས་སྤྱི་ཚོགས་ཁྲོད་ཀྱི་ལས་རིགས་གང་འདྲ་ཡིན་ཡང་ཐམས་ཅད་ཀྱི་དབར་ཕན་ཚུན་འགྲན་རྩོད་ཀྱིས་སྔར་ལས་མདུན་བསྐྱོད་དང་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་ཆེད། བློ་རྩེ་གཅིག་སྒྲིམ་གྱིས་དུས་ཚོད་ཕལ་མོ་ཆེ་ལས་ཀའི་ཁྲོད་དུ་འདས་ནས་དུས་ཁོམ་ཡོང་རྒྱུ་ཧ་ཅང་དཀོན་པས་ཕ་ཡུལ་དུ་ལོག་སྟེ་ཕ་མར་བལྟ་བར་འགྲོ་བའི་གོ་སྐབས་མེད། མ་གཞི་ང་ཚོས་རང་ཉིད་ཀྱི་མ་འོངས་པའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཆེད་ལོ་ན་གཞོན་དུས་འབད་པ་ལྷུར་ལེན་གྱིས་ལས་ལ་གཞོལ་བ་དེ་ཧ་ཅང་ལེགས་མོད། འོན་ཀྱང་ང་ཚོ་འཇིག་རྟེན་མི་ཡུལ་འདི་འདྲེན་བྱེད་དབང་པོར་རིག་ཏུ་འཇུག་མཁན་གྱི་དྲིན་ཆེན་ཕ་མ་སྐུ་འཚོ་བཞུགས་སྐབས་ཕ་ཡུལ་དུ་མང་ཙམ་ལོག་ནས་ཁོང་ཚོའི་འདོད་བློ་སྐོང་བ་དང་སྦྲགས། ཕ་མ་བུ་ཕྲུག་མཉམ་སྡོད་སྐབས་ལག་ཐོགས་ཁ་པར་གྱི་བྲན་གཡོག་ཏུ་མི་འགྱུར་བ་བྱས་ཏེ་ཕ་མ་དང་མཉམ་དུ་གླེང་མོལ་མང་ཙམ་བྱས་ནས་སྡོད་པ་ལས་ཁོང་ཚོར་སུན་སྣང་སྐྱེས་པའི་རྣམ་འགྱུར་སོགས་གཏན་ནས་སྟོན་མི་རུང་། གལ་སྲིད་ལས་བྲེལ་དང་གཞན་དོན་སོགས་ཀྱིས་འུ་ཐུག་ཐབས་ཟད་དུ་གྱུར་བའི་སྐབས་ཕ་མར་ཁ་པར་བཏང་ནས་ངག་འཇམ་སྒོ་ནས་ཁྱིམ་དུ་ལོག་མི་ཐུབ་པའི་རྒྱུ་མཚན་འཆད་པ་དང་ལྷན་དུ་འཚམས་འདྲི་ཡང་ཡང་ཞུས་ནས་ཁོང་ཚོའི་སེམས་ཁམས་དགའ་བདེས་ཁྱབ་པ་ཞིག་ཏུ་གཏོང་རྒྱུ་དེ་གལ་འགངས་ཆེའོ། ། ཕ་མ་མི་ཡུལ་དུ་བཞུགས་དུས་ཕ་ཡུལ་ལ་ལོག་ནས་ཕ་མའི་སྐུ་གཟུགས་བདེ་ཐང་ཡིན་མིན་བལྟ་བར་རྒྱུགས། གལ་སྲིད་ཁ་པར་བསྐྱོན་ནས་བཀའ་འདྲི་ཞུས་ཚེ་ཁོང་ཚོའི་མནོ་བསམ་གྱི་ནང་ང་ཚོས་སེམས་ཁྲལ་བྱེད་པའི་དོགས་པ་དང་། ནད་གཞི་བཅོས་པར་འགྲོ་གྲོན་འབོར་ཆེན་གཏོང་དགོས་པར་དགོངས་ཏེ་དྲང་གཞག་གི་བཀའ་མོལ་གསུངས་པ་ཉུང་། ང་ཚོས་དྲིན་ཆེན་ཕ་མའི་ཆེད་ཡོད་ཚད་བློས་གཏོང་ཕོད་པ་བྱས་ཏེ་ཕ་ཡུལ་དུ་ལོག་ན་ཕ་མ་བདེ་ཐང་ཡིན་མིན་རང་ཉིད་ཀྱིས་མིག་མཐོང་ལག་ཟིན་ཡོང་། གཅིག་བྱས་ན་ང་ཚོས་ཕ་ཡུལ་དུ་ལོག་ནས་ཕ་མ་མཇལ་འཕྲད་ཐུབ་པ་དེ་ཚར་གཅིག་ཡིན་སྲིད། དེ་བས་ཕ་མས་ང་ཚོ་བུ་ཕྲུག་ལ་མངགས་བཅོལ་གྱི་གཏམ་དང་བཤད་འཕྲོར་ལུས་པའི་སྨྲ་བ་འབའ་ཞིག་ཀྱང་ཡོད་སྲིད་པས། དུས་རྟག་ཏུ་ཕ་མ་དང་མང་ཙམ་ཐུག་འཕྲད་བྱེད་རྒྱུ་གལ་ཆེ། སྐྱེ་རྒ་ན་འཆི་ཞེས་པའི་ཚིག་འབྲུ་བཞི་པོ་འདི་འཇིག་རྟེན་གྱི་ཆོས་ཉིད་རེད། ནམ་ཞིག་དྲིན་ཅན་ཕ་མ་ཡང་ང་ཚོ་དང་གྱེས་སྲིད། སྐབས་དེ་དུས་ང་ཚོའི་བློ་རིག་གི་ཨི་ཁུང་ཁྲོད་ཕ་མ་མ་འཕྲད་པའི་གནོང་འགྱོད་བྱུང་ཡང་སྙིང་པོ་མེད་ཅིང་འདྲེན་བྱེད་ཟུང་དུ་འགྱོད་གདུང་གི་མཆི་ཞགས་དྲག་པོས་བརླན་ཡང་དོན་སྙིང་མེད། ཕ་མ་མི་ཡུལ་འདི་ནས་བྲལ་ཁར་ཆེས་བྲལ་མ་ཕོད་པ་ནི་ཐག་རིང་ན་ལུས་པའི་ཁྱེད་རང་མ་གཏོགས་མེད་ཅིང་ཐུག་འདོད་ཤོས་ཀྱི་སྐྱེ་བོ་དེའང་ཁྱོད་རེད། གལ་སྲིད་སྐབས་དེ་དུས་ཁྱོད་ཀྱི་ཛ་དྲག་ལས་ཀ་ཇི་འདྲ་ཞིག་ཡིན་ཡང་དེ་བསྐྱུར་ཏེ་འོང་ན་ཕ་མ་དང་མཇལ་བའི་སྐལ་བ་ཐོབ་སྲིད། གཅིག་བྱས་ན་ཕ་མ་འཆི་ཁར་ཐག་རིང་གི་ཁྱེད་ལ་དོན་མང་དག་ཅིག་བཤད་རྒྱུར་ལུས་ཡོད་ཅིང་མང་དག་ཅིག་ཁྱོད་ལ་མངགས་བྱ་བྱེད་རྒྱུའང་ལུས་ཡོད་སྲིད། དེས་ན་སྐྱེ་འགྲོ་ལགས། ཕ་མ་བཞུགས་དུས་ཐུག་འཕྲད་མང་ཙམ་བྱས་ནས་གླེང་མོལ་བྱེད་རྒྱུ་དེ་ལས་གཞན་གང་ཡང་མེད་དོ། །

མི་ཚེ་གཅིག་ལ་ཕ་མ་གཅིག་མ་གཏོགས་མེད། ང་ཚོའི་སྙིང་ཐག་ཉེ་ཤོས་ཀྱང་ཕ་མ་ཡིན། ཕ་མས་ང་ཚོར་ཕན་པ་ལས་འཚེ་བའི་བསམ་བློ་ཡེ་ནས་བཅངས་མེད་པ་སྨྲ་ག་ལ་དགོས། ང་ཚོ་ལས་བྲེལ་ཇི་ལྟར་ཆེ་ཡང་དུས་ཁོམ་མང་ཙམ་བཙལ་ཏེ་ཕ་ཡུལ་དུ་བཞུགས་པའི་ཕ་མའི་འགྲམ་དུ་ལོག་ནས་སྙིང་གཏམ་འཆད་པར་སྐྱོད་དང་། དར་བབས་ཀྱི་གཞོན་ནུ་ལགས། ཕ་ཡུལ་ན་ཕ་མས་རེ་སྒུག་བྱེད་བཞིན་པ་ནི་སྙིང་ནོར་འདྲ་བའི་ཐག་རིང་གི་ཁྱེད་རང་རེད། ག་དུས་ཡིན་ཡང་བྲལ་བར་མི་འདོད་པ་དེའང་རྒྱང་རིང་གི་ཁྱེད་ཉིད་རེད་ཨང་། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༤)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博