མི་རྟག་འགྱུར་བའི་འཁོར་བའི་ཀློང་ན་ཁ་ནས་འདོན་པ་མ་ཎི་དང་ལག་ན་བགྲང་བ་ཕྲེང་བ་ཡིན་ཡང་སེམས་ནང་རང་མཐོ་རང་ཆེའི་ང་རྒྱལ་གྱིས་ཕྱུག་པ་ནི་མིག་མདུན་ན་མཐོང་རྒྱུ་ཡོད་པ་དང་རྣ་འགྲམ་ན་གོ་རྒྱུ་ཡོད་པ་ཤ་སྟག་རེད། གལ་ཏེ་མི་ཞིག་གིས་ང་ཚོ་གང་གི་ཆེད་དུ་འཚོ་བར་བསམ་བློ་བཏང་མྱོང་ན་འཇིག་རྟེན་ལ་ཞེན་ཆགས་སྐྱེ་མི་སྲིད་ལ་གཏི་མུག་དང་ང་རྒྱལ་གྱི་དབང་དུ་མི་འགྲོ་བར་རང་ཉིད་ཀྱི་སྐྱེ་བ་སྔ་ཕྱིར་བསམས་ཏེ་འཁོར་བ་ཁབ་ཀྱི་རྩེ་མོ་ནས་མི་ལུས་རིན་ཆེན་ཐོབ་བོ་སྙམ་ནས་ཐར་པའི་ལམ་དུ་བསྐྱོད་སྲིད། འོན་ཀྱང་དེང་གི་འགྲན་རྩོད་དང་མིག་ལོག་གིས་ཕྱུག་པའི་སྤྱི་ཚོགས་ཀྱི་དུག་དོང་ཁྲོད་མི་འདི་འདྲ་ནི་ཉིན་མོའི་སྐར་མ་དང་འདྲ་བར་མཐོང་རྒྱུ་ཧ་ཅང་དཀོན་པས། བདག་གིས་དྲན་པའི་ངོས་ཀྱི་རི་མོ་དེ་གཟུགས་ཡོད་ཀྱི་ཡི་གེར་ཕབ་ནས་རགས་ཙམ་གླེང་ངོ་། །
དེ་ཡང་ང་རང་ནི་ཆུང་བྱིས་དུས་ནས་གྲོང་ཁྱེར་གྱི་གློག་འོད་མཐོང་མྱོང་མེད་ལ་མི་ཚོགས་ཁྲི་མ་འབུམ་གྱི་དུག་གི་ཁ་རླངས་འཕྱུར་བའི་ཇ་ཁང་ལ་ཡང་འགྲོ་མྱོང་མེད། ང་ལ་ཆུང་བྱིས་དུས་སུ་རྣ་ལམ་ན་གོ་བ་ནི་ཕ་དམ་པ་ཞིག་གི་ངག་ནས་གྱེར་བའི་གསེར་གྱི་གདམས་ངག་དང་དྲིན་མ་ལོ་ཞིག་གི་ཡིད་ནས་བཅངས་པའི་བྱམས་བརྩེ་ནི་ང་ཡི་བྱིས་དུས་ཀྱི་ལང་ཚོ་ཡིན། དེ་ནི་མི་ཚོགས་ཀྱི་དུག་རླངས་དང་སྤྱི་ཚོགས་ཀྱི་དུག་སྤྲིན་རེག་མྱོང་མེད་པའི་བལ་དཀར་དང་འདྲ་བའི་སྤྲིན་དཀར་ཚོམ་བུ་ཞིག་ཡིན། འོན་ཀྱང་རང་ཉིད་ལོ་ན་སོན་པ་དང་ལྷན་དུ་རིག་གཞུང་གི་སྒོ་མོ་འགྲིམས་པའི་སྐབས་དང་བསྟུན་ནས་ང་ཡི་བལ་དཀར་དང་འདྲ་བའི་ལང་ཚོ་ཡི་སྤྲིན་དཀར་དེ་རིམ་བཞིན་ཁ་མདོག་དཀར་པོ་ནས་སྐྱ་བོ་ཐལ་མདོག་མཐའ་མར་ནག་པོར་འགྱུར་ནས་དང་ཐོག་གཡའ་དག་པའི་ནམ་མཁའ་དང་འདྲ་བའི་ཡིད་སེམས་དེ་དེ་མུར་སྤྲིན་ནག་གིས་བསྒྲིབས་ནས་མག་མོག་དང་རབ་རིབ་ཀྱིས་ཕྱུག་པའི་སྐྱི་གཡའ་བའི་ཁོར་ཡུག་ཞིག་ལ་གྱུར་འདུག
དང་ཐོག་སློབ་ཆུང་འགྲིམས་པའི་དུས་སུ་ཕ་ས་འབྲོག་གི་ཀློང་ན་གྲོང་ཁྱེར་གྱི་ཤུགས་རྐྱེན་མེད་པས། དྭངས་གཤིས་གཙང་བའི་སེམས་ཁམས་དེས་ཕན་ཚུན་བརྩེ་བ་ཟབ་ཅིང་རྒན་གཞོན་གྱི་གོ་རིམ་ཡོད་ནའང་རིམ་བཞིན་དུས་ཀྱི་ལོ་ཟླ་ཡི་འཁྱུག་འགྲོས་དང་བསྟུན་ནས་ང་རང་སློབ་འབྲིང་གི་སྒོ་མོ་འགྲིམ་འགོ་བརྩམས་པ་ན། ཡུལ་དེ་ན་ཕ་ཡུལ་རྩྭ་ཐང་སྟེང་གི་དྲི་ཞིམ་གྱི་བསང་དྲི་མི་འདུག་ལ་ཕ་ཡུལ་ན་ཡོད་པའི་རྒན་གཞོན་གྱི་གོ་རིམ་དང་ཕན་ཚུན་གྱི་བརྩེ་བ་ཡང་དེ་ཙམ་གྱིས་ཟབ་པོ་མི་འདུག རང་རང་གི་ཁེ་ཕན་གྱི་ཆེད་དུ་ཐོན་པའི་ཕན་ཚུན་འགྲན་རྩོད་ཀྱི་ཁ་རྩོད་ཐ་རེ་ཐོ་རེ་ཡང་གོ་རྒྱུ་ཡོད། མུ་མཐུད་རིག་གཞུང་གི་སྒོ་མོ་འགྲིམ་པའི་ལམ་ལ་ཆས་པ་ན། མཐོ་འབྲིང་གི་ལམ་ལ་བཞུགས་པའི་རང་ཉིད་ཕ་ཡུལ་གྱི་རྩྭ་ཐང་དང་ཁ་བྲལ་ཏེ་ལྷ་ལྡན་གྲོང་དུ་སླེབས། ད་ནི་ང་ཡི་སྣང་ངོར་ཕ་ཡུལ་གྱི་ རི་ཆུ་དང་བྱིའུ་ཆུང་ཅོ་ཀའི་གྲེ་འགྱུར། གྱི་ལིང་རྟ་ཡི་སིང་སྒྲ། ཨ་ཅེ་འབྲོག་མོའི་གླུ་སྐད། དྲིན་མ་ལོའི་མ་ཎིའི་དབྱངས་སྒྲ་བཅས་གཅིག་ཀྱང་རྣ་ལམ་ལ་ཐོས་རྒྱུ་མི་འདུག་ལ་འདྲེན་བྱེད་ཀྱི་མདུན་ན་མཐོང་རྒྱུ་ཡང་མི་འདུག མིག་མདུན་ན་ཡོད་པ་ནི་འཚང་ཁ་ཤིག་ཤིག་གི་རླངས་འཁོར་དང་གཅིག་ལས་གཅིག་མཐོ་བའི་ཁང་བརྩེགས་ཐོག་ཁང་ལས་གཞན་གང་ཡང་མཐོང་རྒྱུ་མི་འདུག འོན་ཀྱང་གནས་འདིར་སླེབས་པ་ནས་བཟུང་རང་ཉིད་ལ་ཡང་མྱོང་ཚོར་ཆེན་པོ་ཞིག་བྱུང་། ས་འདི་གར་སླེབས་པ་ནས་བཟུང་ཐོག་མའི་གཡའ་དག་པའི་ནམ་མཁའ་དེ་ཡང་བོར་སོང་མོད། གཞི་ནས་མི་ཟེར་བའི་ཐ་སྙད་འདི་ཧ་གོ་སོང་། ང་རང་ཡང་མི་ལ་སྐྲག་པར་འགྱུར། ཕ་ས་ཕ་ཡུལ་ན་ཡོད་པའི་ཕན་ཚུན་གྱི་བརྩེ་བ་དང་རྒན་པས་གཞོན་པར་བྱམས་སྐྱོང་དང་གཞོན་པས་རྒན་པར་བརྩི་བཀུར་བྱེད་པའི་གོམས་སྲོལ་ཡག་པོ་དེ་ཡེ་ནས་མཐོང་རྒྱུ་མི་འདུག ས་འདི་ན་ཡོད་པ་ནི་འགྲན་རྩོད་ཀྱི་མིག་ལོག་དང་རྒན་རབས་པ་རྣམས་ཀྱིས་བུ་ཕྲུག་ལ་ཞབས་ཕྱི་ཞུ་བའི་ཉམས་དཀའ་བའི་རྣམ་པ་དང་། གཞན་ཡང་རང་ཉིད་མི་གཞན་ལས་མཐོ་བ་དང་འབུར་དུ་ཐོན་པའི་རང་རློམ་གྱི་བསམ་པས་ཕྱུག་པ་ཞིག་ཡིན་པ་ཤེས་བྱུང་། མི་ཟེར་བ་དེ་གང་གི་ཆེད་དུ་འཚོ་གིན་ཡོད་པའང་ཤེས་བྱུང་། མི་ནི་སྐྱེ་རྒ་ན་འཆི་དང་ལྡོག་ཏུ་མེད་པའི་ཟག་བྱེད་ཀྱི་ཕུང་པོ་ཞིག་ཡིན་ལ་མི་ཚེ་གང་པོ་ནི་གནོད་སེམས་དང་ང་རྒྱལ། ཁེངས་དྲེགས་བཅས་ཀྱི་སྒོ་ནས་རྫོགས་འགྲོ་བ་ཞིག་རེད་འདུག མི་མང་པོ་ཞིག་ནི་ཁེ་ཕན་གྱི་བདག་པོ་མིན་པར་ཁེ་ཕན་གྱི་བྲན་གཡོག་ལྟ་བུར་གྱུར་ཟིན། རྒྱུ་ཡོད་ན་ཕ་མ་དང་སྤུན་མཆེད་མི་དགོས་པའང་ཤིན་ཏུ་མང་། རྒྱུ་ནི་རང་གི་ལག་ཆ་བྱེད་འོས་པ་ལས་རང་ཉིད་རྒྱུ་ཡི་ལག་ཆར་འགྱུར་པ་ནི་བྱོལ་སོང་དུད་འགྲོ་དང་ཁྱད་མེད་པ་མ་རེད་དམ།
གྲོང་ཁྱེར་འདི་རུ་སླེབས་པ་ནས་བཟུང་སྤྱི་ཚོགས་ཀྱི་འགྲན་རྩོད་མཐོང་བྱུང་ལ་སྤྱི་ཚོགས་འགྲན་རྩོད་དང་ལྷན་དུ་རང་ཉིད་ཀྱང་རིམ་བཞིན་ལས་དབང་ལ་འགྱུར་ལྡོག་འགྲོ་འགོ་ཚུགས། གནས་འདིར་མི་ཚེ་ནམ་ཡང་ཁེ་ཕན་གྱི་ཆེད་དུ་འཚོ་བ་ལས་བདེ་སྐྱིད་ཀྱི་འཚོ་བ་ཞེས་པ་ཕལ་ཆེར་ཡོད་ས་མ་རེད། སྤྱི་ཚོགས་ལ་གོམ་པ་སྤོས་ཚེ་དེ་བས་ཀྱང་བཤད་མི་དགོས་པ་ཞིག་རེད། རང་གི་བུ་ཕྲུག་དང་ཁྱིམ་ཚང་གི་ཆེད་དུ་མུ་མཐུད་སྤྱི་ཚོགས་ཀྱི་འགྲན་རྩོད་དང་མི་བསྟུན་ཀ་མེད་ཡིན་པས། འབྲེལ་བ་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་སོང་ནས་མཐའ་མ་རང་ཉིད་ཀྱང་འགྲན་རྩོད་ནང་འཐིམས་པར་འགྱུར་ཏེ་སྤྱི་ཚོགས་ཀྱི་ཟང་ཟིང་ལ་ཁ་ཕྱོགས་དགོས། དེ་ཡང་གཏི་མུག་དང་ང་རྒྱལ་འགྲན་རྩོད་ཀྱི་བྱ་བར་ཡང་ཞུགས་མི་དགོས་པར་རང་རང་གི་ལས་ལ་འབད་པ་ལས་གཞན་གྱི་བྱ་བར་ཐེ་གཏོགས་བྱེད་མི་དགོས་པ་ནི་ངོ་མ་སྐྱིད་གཅིག་རེད། རང་ཚུགས་རི་ལས་བརྟན་ཞིང་སོས་དལ་ལས་ལ་རོལ་བའི་སྒོམ་ཆེན་གྱི་ནེ་ལེ་ཞིག་ལ་སྨོན་ནོ། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།